༄༅།།སྡེ་དགེ་གླིང་ཚང་གི་སྒྲུང་པ་གྲགས་ཅན་གླིང་བློན་འགྱུར་མེད་སྟོབས་ལྡན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ལས་དྲངས། སྤེལ་དུས། 05-21


མི་དབང་གླིང་དཀར་ཆོས་རྒྱལ་ཆེན་པོའི་ཐུགས་རྗེའི་གདུགས་དཀར་གྱི་གྲིབ་བསིལ་སྣུམ་པོས་ལེགས་པར་སྐྱོང་བའི་ནོར་འཛིན་གྱི་ཆ། སྐུ་རྗེ་འཛམ་གླིང་སེང་ཆེན་རྒྱལ་པོའི་བཀའ་བློན་འདན་མ་གཡུ་རྒྱལ་ཐོག་རྒོད་ཀྱི་སྐུ་མཁར་ཕོ་བྲང་ཆེན་པོ་ཤར་ལུང་རི་དྲུག་དང་ཉེ་བའི་འདན་སྨད་ཁྲོམ་ཐོག་དགོན་གསར་ཚང་ཞེས་པར་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་རྟ་ཡི་༡༨༩༤ལོར་སྐུ་བལྟམས།སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་བཟུང་འཛམ་གླིང་སེང་ཆེན་རྒྱལ་པོ་ལ་མི་ཕྱེད་པའི་དད་པ་དྲག་པོ་བཅོས་མིན་དུ་མངའ་ཞིང་།གླིང་སྒྲུང་ལ་བག་ཆགས་དང་བློ་ཐབས་རིག་འཕྲུལ་སོགས་གཞན་དང་མཚུངས་པ་མེད་པ་ཞིག་ཏུ་བཞུགས་སྟབས་དམ་པ་མང་པོས་འོམ་བུའི་ཨ་ནུ་དཔའ་སེང་དང་། གླིང་ཕྲུག་མི་ཆུང་ཁ་བདེ་ཟུང་གི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རྣམ་རོལ་དུ་བསྔགས་པའི་མེ་ཏོག་ཡང་ཡང་འཐོར།དེ་ལ་དམ་པ་ཉིད་ཀྱིས་འཁྲུངས་གླིང་ལས་གངས་ཅན་མཁས་པའི་དབང་པོ་རྗེ་བླ་མ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ།གཏེར་ཆེན་ལས་རབ་གླིང་པ། རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་ཐོབ་ཅིང་གསུང་གི་བདུད་རྩིའི་བཅུད་ཀྱིས་སྐལ་བ་བཟང་པོར་བྱས་པའི་ཡིད་ཅན་ཞེས་གསུངས་པ་ལྟར་འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་དང་།གཏེར་ཆེན་ལས་རབ་གླིང་པའམ་ཉག་བླ་བསོད་རྒྱལ།ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།དགེ་མང་མཁན་པོ་ཡོན་དགའ།གླིང་རྗེ་དྲུང་འགྱུར་མེད་པདྨ་བསྟན་འཛིན།གླིང་ཚང་རྒྱལ་རྒན་མའམ་གླིང་གཏེར་པདྨ་བཞད་པ་རྩལ་སོགས་མཁས་གྲུབ་དམ་པ་དུ་མའི་ཞབས་རྡུལ་གུས་པས་བསྟེན་ནས་མདོ་སྔགས་རིག་གཞུང་རྒྱ་མཚོ་ལ་གསན་བསམ་མཐར་ཕྱིན་ཅིང་། རྒྱལ་བ་མཉམ་མེད་བུ་རམ་ཤིང་པའི་བསྟན་པའི་སྒོར་ཞུགས་ནས་རྣམ་གསུམ་ངུར་སྨྲིག་གི་རྒྱལ་མཚན་གྱིས་བརྒྱན་པར་མཛད་དེ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཞེས་པའི་མཚན་གྱི་ཅོད་པན་བསྐྱངས།འོད་གསལ་རྡོ་རྗེ་སྙིང་པོའི་ཉམས་ལེན་ལ་ནམ་ཡང་གཡེལ་བ་མེད་པར་མཛད།ཕྱིས་སྐུ་ན་སོན་པ་ན་ཁྲོམ་ཐོག་དགོན་གསར་ཚང་ལ་བུ་གཞན་མེད་སྟབས་རྒྱལ་ཁྲིམས་སྤྱི་ལྟར་བསླབ་པ་ཕུལ་ནས་འདན་ཀློང་ཆུ་ཁ་ན་གླིང་ཚང་གི་ཇའི་སང་བོད་མོ་ཚང་ལ་བོད་མོ་མཁའ་འགྲོ་ཟེར་བའི་སྲས་མོ་རིགས་བཟང་ཞིག་ཡོད་པ་ཁྱིམ་འཛིན་དུ་བསུས་ནས་གླིང་ལ་ཇའི་སང་གི་ཁྲལ་སྤྲོད་གནང་བར་མ་ཟད།ལུགས་ཀྱི་བསྟན་བཅོས་ལས།ཚིག་གསལ་བློ་ནི་ཕུན་སུམ་ཚོགས།།ལུགས་ཀྱི་བསྟན་བཅོས་དག་ལ་མཁས།།ངང་འཇམ་དཔྱོད་པ་བྱེད་པ་སྟེ།།རྒྱལ་པོའི་བློན་པོ་དེ་འདྲས་བྱེད།།ཅེས་པ་ལྟར་གྱི་མཚན་ཉིད་རྫོགས་པར་ཚང་བས་ཡ་རབས་དཔའ་མཛངས་བློ་གྲོས་ལྡན་པའི་གླིང་གི་འཕྲུལ་བློན་ཆེ་བ་རྣམ་བཞིའི་ཡ་གྱལ་དུ་གྱུར།དུས་དེར་གླིང་ས་སྐྱོང་བླ་མ་ཆེན་པོ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་མཆོག་གིས་གླིང་རྒྱལ་པོའི་མངའ་འོག་གི་འདན་སྡེ་སྤྱིའི་དཔོན་དུ་བཞག་མཛད་ཅིང་།དུས་དེར་ཡུལ་སྡེ་ཆོས་བཞིན་དུ་བསྐྱངས་ནས་གླིང་ཚང་ལ་ཁྲལ་དང་འུ་ལག་ཆེ་རིགས་མ་གཏོགས་གཞན་ཉི་ཚེ་བ་རྣམས་གཏན་མི་དགོས་པར་གནང་བས་ཀུན་གྱིས་གཙུག་གི་ནོར་བུ་ལྟར་གོང་དུ་བཀུར།ཡར་སྔོན་ཞིག་ནས་དཔའ་ལ་སེང་སྟག་གི་རྣམ་སྤྲུལ་དུ་གྲགས་པའི་གླིང་གི་ས་སྐྱོང་བླ་མ་ཆེན་པོ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་འཆི་མེད་གྲུབ་པའི་སྡེའམ་གླིང་གཏེར་གསུམ་པ་མཁའ་འགྲོའི་དབང་ཕྱུག་པདྨ་བཞད་པ་རྩལ་མཆོག་གིས་ལྷ་རྫས་རིན་གཉིས་ཀྱི་སྐྱེས་བཟང་པོ་དང་བཅས་ཇི་ལྟར་བཀའ་ཕེབས་པ་ལྟར་འཛམ་གླིང་སེང་ཆེན་སྐྱེས་བུའི་རྟོགས་པར་བརྗོད་པ་འཁྲུངས་གླིང་མེ་ཏོག་ར་བ་དང་།ཡང་ས་སྐྱོང་གཏེར་ཆེན་བླ་མས་འཇམ་མགོན་མི་ཕམ་པའི་གེ་སར་གྱི་སྒྲུབ་སྐོར་གྱི་ལུང་དང་།འཇམ་མགོན་མི་ཕམ་པས་བརྡའ་གསང་ནོར་བུའི་མེ་ལོང་གི་ལྗགས་ཁྲིད་གནང་བའི་གསུང་རྒྱུན་སྔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་ཕེབས་པ་ལྟར་གླིང་ས་སྐྱོང་དབང་ཆེན་བསྟན་འཛིན་ཆོས་སྐྱོང་གིས་བཞེངས་པའི་རྟ་རྒྱུག་གི་ཐང་ཀ་དང་སྦྲགས་པ་བཅས་ལེགས་པར་བསྩལ་ནས་རྟ་རྒྱུག་ནོར་བུའི་ཆ་བདུན་འབྲི་བར་བསྐུལ་བ་ལྟར་འཇམ་མགོན་མི་ཕམ་པའི་བརྡའ་གསང་ནོར་བུའི་མེ་ལོང་གི་རྟོགས་བརྗོད་དོན་འགྲེལ་གྱི་ཚུལ་དུ་རྟ་རྒྱུག་ནོར་བུ་ཆ་བདུན་བཅས་ཇི་ལྟར་རྩོམ་པར་མཛད་པའི་ཚུལ་ཡང་།འཁྲུངས་གླིང་མེ་ཏོག་ར་བའི་མཇུག་བྱང་དུ།ཚིག་དོན་ཚད་མར་གྱུར་པའི་རྣམ་ཐར་འདི་ནི་གླིང་དཀར་མི་རྗེ་ས་སྐྱོང་གཏེར་ཆེན་བླ་མ་རིན་པོ་ཆེ་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་པོས་རྡོ་རྗེའི་ལུང་གིས་དབང་ཆེན་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་འཆི་མེད་གྲུབ་པའི་སྡེ་ཞེས་བསྔགས་བརྗོད་མེ་ཏོག་གི་ཅོད་པན་འཆང་བ་གང་དེས།སྔར་གྱི་དཔེ་རྙིང་དང་།འབྲི་གཞི།ལྷ་རྫས་རིན་ཆེན་གཉིས་པའི་མེ་ཏོག་བཅས་འབྲི་དགོས་བཀའ་ལུང་སྤྱི་བོར་བསྩལ་བ་དད་གུས་ཀྱིས་དང་དུ་བླངས་ཏེ།ལྷག་པའི་ལྷ་འདི་ཉིད་ཀྱི་ཐུགས་རྗེའི་བྱིན་སྣང་ཅུང་ཟད་སྙིང་དབུས་སུ་ཐོབ་པའི་མཐུས།བརྗོད་བྱ་ཕལ་ཆེར་སྒྲོ་འདོགས་ཆོད་པར་བློ་ངོར་སྣང་ཞིང་།འཁྲུངས་གླིང་མི་འདྲ་བ་བཞི་ལྔ་ཙམ་མཇལ་རུང་ཡིད་གཏད་ཕེར་བ་འདི་ཙམ་ནི།གངས་ཅན་མཁས་པའི་དབང་པོ་རྗེ་བླ་མ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ།གཏེར་ཆེན་ལས་རབ་གླིང་པ།རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་ཐོབ་ཅིང་གསུང་གི་བདུད་རྩིའི་བཅུད་ཀྱིས་སྐལ་བ་བཟང་པོར་བྱས་པའི་ཡིད་ཅན་བན་ཧྲུལ་འགྱུར་མེད་ཐུབ་བསྟན་འཇམ་དབྱངས་གྲགས་པ་ཞེས་བྱ་བས་བྲིས་པར།རྒྱལ་བའི་བསྟན་པ་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་བསྒྲེངས་པའི་རྒྱུར་གྱུར་ཅིག་ཞེས་དང་།རྟ་རྒྱུག་ནོར་བུའི་མེ་ལོང་གི་མཇུག་བྱང་དུ།གླིང་དཀར་ས་སྐྱོང་གཏེར་ཆེན་བླ་མ་རིན་པོ་ཆེས་རྟ་རྒྱུག་གསོལ་འདེབས་དང་ཧོར་འདུལ་བླ་མའི་རྣལ་འབྱོར་བཅས་ཀྱི་ལུང་གནང་།རྗེ་མི་ཕམ་རིན་པོ་ཆེས་ལྗགས་ཁྲིད་སྩལ་བའི་ཞལ་རྒྱུན་འདི་ལྟར་ཡིན་ཞེས་ངོ་མཚར་རྟོགས་བརྗོད་ཀྱི་དོན།རྣམ་ཐར་བྲིས་ཐང་དང་སྦྲགས་ཏེ་མདོར་བསྡུས་ཞལ་ཁྲིད་གནང་ནས།རྟ་རྒྱུག་ནོར་བུ་ཆ་བདུན་ཟེར་བ་ཞིག་བྲིས་ཤིག་གསུངས་པའི་བཀའ་ལུང་ནོར་བུའི་ཅོད་པན་སྤྱི་བོའི་རྒྱན་དུ་སྩལ་བ་དང་།ངེས་གསང་རྫོགས་པ་ཆེན་པོའི་གནས་ལུགས་ལ་དབང་འབྱོར་ཞིང་གྲུབ་རིག་རྒྱ་མཚོའི་ཁྱབ་བདག་རྗེ་བླ་མ་པདྨ་འོད་ཟེར་ནས།གེ་སར་བླ་མའི་རྣལ་འབྱོར་གྱི་ལུང་གནང་སྟེ།ནན་ཏན་གྱིས་ཉམས་སུ་ལེན་ནུས་ན་ཆོས་ཀུན་སེམས་ལ་འཆར་བ་འོང་ཞེས་འཕྲོས་དོན་དུ་གསུངས་ཏེ།མ་འོངས་མངོན་སུམ་གཟིགས་པའི་ལུང་གིས་དབུགས་དབྱུང་ཞིང་།རྗེས་སོར་འབྲི་དགོས་ཀྱི་བཀའ་ནན་བསྩལ་བ་སོགས་ལ་བརྟེན་རིམ་བཞིན་འབྲི་བའི་ཚེ་ཤར་མར་ཆུ་འབབས་སུ་འབྲི་རྒྱུ་བྱུང་བ་ནི།བླ་མ་དང་སེང་ཆེན་སྐྱེས་བུའི་བཀའ་དྲིན་ངེས་པར་སྙིང་ལ་བཅངས་ནས།རྗེ་བླ་མ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ།རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ།གཏེར་ཆེན་ལས་རབ་གླིང་པ་སོགས་མཁས་གྲུབ་ཉིས་ལྡན་གྱི་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་འཆང་བའི་བན་ཧྲུལ་ཀུ་ས་ལི་ཨ་ཀྵ་ར་མུ་ནི་ཤ་ས་ནས་བྲིས་པས་དཔལ་ལྡན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་།རྒྱལ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་བསྒྲེངས་པའི་རྒྱུར་གྱུར་ཅིག།ཅེས་གསལ་བ་ལྟར་ལ།རྟ་རྒྱུག་དེ་ཉིད་བརྡའ་གསང་ནོར་བུའི་མེ་ལོང་གི་དོན་འགྲེལ་ཁྱད་པར་འཕགས་པ་ཡིན་པའང་།རྟ་རྒྱུག་ནོར་བུའི་མེ་ལོང་གི་མཇུག་བྱང་དུ།དེ་ལྟར་རྟ་རྒྱུག་རྟོགས་པར་བརྗོད་པའི་གཏམ།།བརྡའ་གསང་ནོར་བུའི་མེ་ལོང་ཞེས་བྱ་བའི།།དོན་འགྲེལ་ཚུལ་དུ་ཇི་ལྟར་གྲགས་པ་བཞིན།།ཞིབ་མོའི་བློ་ཡིས་བཏུས་ཏེ་བྲིས་པ་འདི།།སྨྲ་བའི་སེང་གེ་འཇམ་མགོན་མི་ཕམ་པའི།།ཞལ་ཁྲིད་ཉམས་པ་མེད་པར་བདུད་རྩིའི་རྒྱུན།།སྤྱི་བོར་སོན་པའི་སྐལ་བཟང་ཐོབ་པ་དང་།།བྱིན་རླབས་མཐུ་ཡིས་བྲི་བའི་འདུ་ཤེས་སྐྱེས།།སྔོན་གོམས་བག་ཆགས་རྣམ་པ་མང་པོའི་ཚོགས།།ཀུན་རྟོག་ཁམས་ལ་ཤར་བའི་མཐའ་དག་གཟུགས།།རང་གྲོལ་རིག་པའི་གཤིས་ལ་མ་གྲུབ་ཀྱང་།།རྟེན་འབྱུང་སྒྱུ་མའི་སྣང་བ་འགོག་མེད་འཆར།།ཞེས་གསུངས་པ་ལྟར་རོ།།དེ་སྐབས་སེང་ཆེན་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པར་མཛད་པས་གླིང་དཀར་དཔའ་བརྟུལ་ཕུ་ནུ་རྣམས་ཀྱིས་ལུང་བསྟན་དང་བྱིན་གྱིས་བརླབས་པའི་མཚན་མ་མང་པོ་བྱུང་བའི་ཚུལ་ཡང་རྟ་རྒྱུག་གི་མཇུག་བྱང་ལས།གེ་སར་ནོར་བུ་དགྲ་འདུལ་གྱི་རྣམ་ཐར་རྟ་རྒྱུག་གི་ལོ་རྒྱུས་སྔར་ནས་གྲགས་པའི་ཧོར་ཁོག་ནས་དཔའ་བོ་ཞིག་གིས་བྲིས་པའི་རྟ་རྒྱུག་ཚུལ་ཆེར་མེད་རུང་ཆལ་ཆོལ་མང་པོ་ཅན་ཞིག་དང་།ར་གུ་ཨ་མྱེ་སྒྲུང་མཁན་གྱི་རྟ་རྒྱུག་ཕྱོགས་འདི་དང་འདྲ་བ་ཞིག།ཡང་དེ་དང་འདྲ་མིན་ཙམ་གྱི་དབུས་ནས་མར་བྱུང་བའི་རྟ་རྒྱུག་སོགས་རྟ་རྒྱུག་ལོ་རྒྱུས་སྐོར་ལྔ་ཙམ་མཇལ་བས་དེ་ཚོའི་བརྗོད་དོན་ཡིད་ཐོག་ཏུ་ངེས་པས་རྐྱེན་བྱས།གོང་གསལ་བླ་མའི་རྣལ་འབྱོར་ལ་སྙིང་ནས་བརྩོན་ཏེ།རྩ་གསུམ་ཀུན་འདུས་གཅིག་ཆོག་ནོར་བུའི་ཚུལ་དུ་གསོལ་བ་བཏབ་ཅིང་ཡུན་རིང་སོང་བར་གླིང་དཀར་ས་སྐྱོང་གཏེར་ཆེན་བླ་མ་རིན་པོ་ཆེས་ཐོལ་བྱུང་དུ་རྟ་རྒྱུག་གསོལ་འདེབས་དང་ཞལ་ཐང་གོ་བསྟུན་གྱིས་མི་ཕམ་རིན་པོ་ཆེའི་ཞལ་གསུང་འདི་ལྟར་ཡིན་ཞེས་བརྡ་གསང་ནོར་བུའི་མེ་ལོང་གི་ཚིག་དོན་ལྗགས་ཁྲིད་གནང་བར།རྟ་རྒྱུག་ནོར་བུ་ཆ་བདུན་ཟེར་བ་ཞིག་བྲིས་ཤིག་ཅེས་བཀའ་གནང་བར་རང་གིས་བྲི་ཤེས་སྣང་ཤར་ཏེ་ལགས་སོ་ཞུས་ནས་བྲི་འདུན་ཨུ་ཚུགས་ཀྱིས་བྲི་རྒྱུ་ཨེ་འདུག་ལན་གྲངས་བལྟས་རུང་།ཡང་བསྐྱར་གྱི་སྔོན་མའི་ལོ་རྒྱུས་སྐོར་ལས་ཆ་བདུན་གྱི་ས་བཅད་ཙམ་ཡང་ཇི་དགོས་མ་ཤེས་ཤིང་།བརྡ་གསང་གི་གནད་ཀྱང་འགའ་ཞིག་མ་ཁྲོལ་བ་སོགས་ཀྱིས་ལུས།གསོལ་འདེབས་ནན་ཏན་ཙམ་དུ་གནས་སྐབས་ཉིང་འཁྲུལ་གྱི་སྣང་བར་གེ་སར་གྱི་ལྷ་རྟ་རྐྱང་བུ་རེད་ཟེར་བ་ནོར་བུའི་སྒ་ཆས་ཅན་ཞིག་བྱང་ཤམ་བྷ་ལའི་གྲོང་ཁྱེར་དུ་ཁྲིད་དགོས་རེད་ཟེར་ནས།རང་གིས་རྟའི་སྲབ་མདའ་ནས་བཟུང་སྟེ་ཁྲིད་འགྲོ་སྐབས་ཤམ་བྷ་ལའི་རི་ཁྱིམ་མཐོང་མ་མྱོང་བའི་སར་སླེབས་ཚེ་རྟ་ཅི་བྱས་མ་ཤེས།མི་ཞིག་གིས་རྟ་རྒྱུག་ཡི་གེ་པོ་སྟི་ཆུང་ངུ་ཞིག་བྱིན་བྱུང་བར་རང་གིས་ཚུར་ཁུར་ནས་ཞལ་ཕྱེས་པས་རྟ་རྒྱུག་རེད་འདུག་ཀྱང་།ཡི་གེ་ཀློག་སྣང་ཤར་ཡང་ཚིག་དོན་ནི་ཡིད་ལ་མ་ངེས་ཀྱང་།དོན་རྟ་རྒྱུག་རེད་ཟེར་སྣང་ཤར་བ་ཞིག་བྱུང་།དེ་ནས་བཟུང་བརྡའ་གསང་གི་དོན་འདི་ལྟར་ཡིད་ཐོག་ཏུ་ཤར།རྟ་རྒྱུག་ཚུལ་ཀྱང་སྐབས་བདུན་དུ་ཕྱེད་ཅིང་།དེའང་སྣ་བདུན་ལ་སྦྱར་བའི་ས་བཅད་བསྒྲིགས་ཤེས་པར་བྱུང་ནས་རིམ་བཞིན་འབྲི་བའི་ཚེ་སྔར་གྱི་སྒྲུང་ཡིག་རྣམས་སུ་འཁོད་པའི་དོན་དག་མ་དག་གི་སྒྲོ་འདོགས་ཆོད་པ་ཞིག་ཡིག་ཐོག་ཏུ་བྱུང་ཞིང་འབྲི་བའི་ཚེ།སྐབས་དྲུག་པའི་མགོར་ཡང་བྲི་མ་ཤེས་ནས་ལོ་གཅིག་ཙམ་ལུས་ཤོར་བས་རང་གིས་སེམས་ཁྲལ་ཆེན་པོ་ཞིག་འདུག་རུང་ཅི་བྱ་མེད་པར་ལུས།སྔར་བླ་མ་པདྨ་འོད་ཟེར་ནས་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གེ་སར་གྱི་ཆོས་སྐོར་ཁ་ཤས་གནང་ནས།དེ་ཀ་བླ་མའི་རྣལ་འབྱོར་སོགས་ཉམས་སུ་ལེན་ནུས་ན་ཆོས་སྒྲུང་སེམས་ལ་ཤར་འོང་ཞེས་དང་།འདི་ལྟར་བྲིས་ཡོད་ཚུལ་ཞུས་པས་མྱུར་བར་བྲིས་ཞེས་བཀའ་ནན་དང་།གླིང་ཆོས་རྒྱལ་ཆེན་པོས་ཀྱང་མྱུར་བར་བྲི་ནས་སྤར་བརྐོ་རྒྱུའི་ཐུགས་ཆགས་ལན་གྲངས་བཀའ་ནན་གནང་བར།སླར་ཡང་སེང་ཆེན་སྐྱེས་བུ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་སྟེ་གནས་སྐབས།མནལ་ལམ་དུ་སྒྲུང་ཡིག་རྙེད་པ།ཕུ་ནུ་མཇལ་བ་དང་།སེང་སྟག།ཞལ་དཀར།འདན་མ་གསུམ་གྱི་དཔུང་གི་རུ་གྲངས་བསྒྲིགས་པ་སོགས།རྨི་ཉམས་མ་ངེས་པའི་སྣང་ཆར་སྣ་ཚོགས་པ་ཞིག་བྱུང་ནས་བྲིས་ཤིང་།འདི་སྐབས་སངས་རྒྱས་བྱང་སེམས་རྣམ་ཐར་རིས་ཅན་དུ་མཐའ་གཅད་དུ་མེད་ཀྱང་རང་གི་ངོར་སྣང་བའི་ཚུལ་འདི་ནི།བླ་མའི་བཀའ་བསྒྲུབ་པ་ལ་སེང་ཆེན་གྱི་བཀའ་དྲིན་རྗེས་དྲན་དང་།དུས་འཁྲུགས་ནད་ཡམས་སོགས་ལ་ཅུང་ཟད་ཕན་དུ་རེ་བས་བྲིས་ནའང་།ཉམས་རྟོགས་ཡོན་ཏན་སོགས་ཅི་ཡང་མེད་ཐོག་མི་ཚེ་ཧྲིལ་པོར་གཞན་དབང་འཁྲུལ་སྣང་ཁོ་ནས་དུས་འདའ་བར་ངེས་པས་བཀའ་བབས་ལུང་བསྟན་དག་སྣང་གི་ཆོས་སྡེ་རུ་རློམས་པ་མེད་ཀྱང་།གཞི་རྒྱུད་བདེ་གཤེགས་སྙིང་པོའི་རང་རྩལ་དུ་སྣང་བ་ལས་མ་འདས་པས།ཅུང་ཟད་དགེ་བ་མཆིས་ན་སེམས་ཅན་གྱི་དོན་དུ་བསྔོ་ཞིང་།འཁྲུལ་སྣང་ཉེས་འགལ་ཅི་ཡོད་ལྷ་ཚོགས་མདུན་བཤགས་ནས།ཀུན་སློང་དུག་ཅན་དུ་མ་གྱུར་པ་རང་གིས་ངེས་པས་སྐྱེ་ཀུན་སེང་ཆེན་སྐྱེས་བུའི་སྣང་བ་དང་མི་འབྲལ་བའི་རྒྱུར་གྱུར་ཅིག་ཅེས་གསུངས་པ་ལྟར་ལ།གླིང་དཀར་ཕུ་ནུ་རྣམས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གཞན་ཡང་འདན་མའི་གསོལ་མཆོད་ཁོལ་ཕྱུང་ཞིག་གི་མཇུག་བྱང་དུ།ལྷ་བསང་འདིའི་སྟོད་སྔར་ཧོར་གླིང་འཁྲུགས་སྐབས་འདན་མ་ཇག་འགྲོ་དང་པོ་དུས་དགྲ་བླ་སེང་ཆེན་གསོལ་བའི་ཆེད་དུ་འདན་མ་རང་གི་གསུངས་ཡིན།འདན་མའི་གསོལ་མཆོད་སོགས་སྨད་ཆ་འདི་ད་ལྟའི་བརྒྱུད་འཛིན་རྣམས་ཀྱི་ཆེད་གེ་སར་ཞལ་གསུང་མ་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་དུ་འཕགས་པ་ཡོད་ངེས་སོ།།ཞེས་ལྷ་མཆོག་འདིའི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་སྙིང་དབུས་སུ་སིམ་པ་འགྱུར་མེད་ཐུབ་བསྟན་ནས་མན་ངག་གི་ཚུལ་དུ་བསྡུས་པ་ཨི་ཐི།གསང་རྒྱ།ཞེས་གསུངས་པས་ཀྱང་ཤེས་སོ།།འཁྲུངས་གླིང་དང་རྟ་རྒྱུག་གཉིས་ལེགས་གྲུབ་བྱུང་འཕྲལ་ནས་གླིང་ཚང་ཆོས་རྒྱལ་ཆེན་པོས་གླིང་རྒྱལ་ཁབ་ཏུ་སྤར་དུ་བཀོད་པར་མཛད།དེ་ལྟར་སྐུ་ཚེ་ཧྲིལ་པོར་དམ་ཆོས་འཆད་ཉན་སྒོམ་སྒྲུབ་དང་།གླིང་དཀར་པོའི་ཆོས་སྲིད་གཉིས་ཀྱི་བསྟན་པ་ལ་འཕྲིན་ལས་རླབས་ཆེན་བསྐྱངས་ཏེ་དགུང་གྲངས་ཞེ་དྲུག་སྟེང་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་ཡོས་༡༩༣༩ལོའི་སྟོན་ཟླ་ཐ་ཆུང་གི་ཡར་ཚེས་བརྒྱད་ཀྱི་ཉིན་རྫོང་མགོ་ཚེས་བཅུའི་སྒྲུབ་ཆེན་ལ་ཆིབས་བསྒྱུར་བསྐྱངས་ནས་འགུ་ཟི་ཆུ་དྲོན་ཟམ་ར་མདའི་ཆུ་འགྲམ་དེར་ཕེབས་པ་ན་གློ་བུར་དུ་དགོངས་པ་རྫོགས་པའི་ཚུལ་བསྟན་ཅིང་།ད་ལྟ་ས་དེར་རྡོ་འབུམ་ཅིག་བཞེངས་ཡོད་དོ།།དེ་ནས་བོད་མོ་མཁའ་འགྲོ་ཡང་གླིང་ཚང་བསོད་ནམས་དམན་པས་སྐུ་ཟླ་ཡུན་དུ་མ་བཞུགས་པར་མ་ཟད།ཁོང་རྣམ་གཉིས་ལ་བརྩོན་འགྲུས་རྡོ་རྗེ་ཞུ་བའི་རིགས་སྲས་ཁྱད་པར་ཅན་ཞིག་

བྱོན་པ་འབའ་དགོན་ན་བཞུགས་པ་ཡང་གཞོན་དུས་ནས་གཤེགས་པས་རྐྱེན་བྱས་ཕྱིར་ཁྱིམ་དུ་ལོག་ནས་དགེ་མར་བྱས་པས་དེ་ནས་དགོན་གསར་ཚང་གི་མི་རྒྱུད་ཆད་དེ།ད་ལྟ་ཁང་ཧྲུལ་གྱང་རལ་ཙམ་ཞིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག་གོ།ཞེས་གླིང་སྒྲུང་པ་སྨིན་ཐང་དབུས་པོས་ཡང་ཡང་བསྐུལ་བའི་ངོར་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་སྦྲུལ་དབྱར་ཟླ་འབྲིང་པོའི་མར་ཚེས་ལ་རྩད་གཅོད་ལེགས་པར་བྱས་ཏེ་མདོ་ཁམས་འདན་མའི་ཡུལ་ནས་བྲིས་པ་དགེ་གྱུར་ཅིག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1