ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་འོས་སྦྱོར་འདུ་ཚོགས་དེ་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 05-21


ཟླ་བ་ལྔ་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་འོས་སྦྱོར་འདུ་ཚོགས་དེ་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས། འོས་སྦྱོར་འདུ་ཚོགས་ཐོག གླུ་གར་གྱི་མཆོད་པ་གྱ་ནོམ་པ་བཤམས་ཤིང་། ཡུས་ཧྲུའུ་ས་ཆའི་ཁྱད་ཆོས་འབུར་དུ་ཐོན་པའི་ཞིང་འབྲོག་ཐོན་རྫས་དང་། རི་ཆུའི་མཛེས་པ་ཉམས་སུ་མྱོང་བའི་པར་རིས་འགྲེམ་སྟོན་ལས་ཡུས་ཧྲུའུ་ས་ཆའི་རི་ཆུ་དང་མི་ཆོས་ཀྱི་མཛེས་པ་ངོམས་ཡོད།

རི་ཆུའི་ཕ་ས་རུ་འབོད་པའི་ཡུས་ཧྲུའུ་ཁུལ་ལ་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ཡོད། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་སོགས་ཆུ་བོ་ཆེན་པོ་གསུམ་གྱི་འགོ་ཁུངས་ཡིན་ལ། གནས་འདིར་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དང་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་སོགས་སྐྱེ་ཁམས་ཐོན་ཁུངས་མང་པོ་གནས་ཡོད། ཐང་བོད་གནའ་ལམ་དང་ཇ་འདྲེན་བརྡལ་ལམ། དར་གོས་ལྷོ་ལམ་སོགས་གནས་འདིར་བརྒྱུད་ཡོད་པས། ལོ་རྒྱུས་རིག་གནས་ཀྱི་རྫོང་སྟུག་ལ་རང་བྱུང་རི་ཆུའི་མཛེས་པ་ཆོག་མི་ཤེས། གནས་དེར་ངོ་མཚར་བའི་རི་ཆུའི་རིག་གནས་ཡོད་ལ།  རྩམ་དྲི་དང་མར་དྲི་མ་ཡལ་བའི་ཞིང་འབྲོག་ཐོན་རྫས་ཀྱང་མང་པོ་ཡོད།

༢༠༢༣ལོར་ཡུས་ཧྲུའུ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་མཆོག་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་འགོད་དང་སྐྱེ་ཁམས་ཞིང་འབྲོག་ལས་སྤུས་མཐོའི་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཏོན། ད་བར་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་འབྲོག་ལས་གཉིས་མཉམ་དུ་འཕེལ་རྒྱས་བཏང་ནས། ཡུས་ཧྲུའུ་འཕེལ་རྒྱས་འགྲོ་བའི་གཤོག་ཟུང་ལ་གྱུར་ཡོད།

འོས་སྦྱོར་འདུ་ཚོགས་ཐོག ཡུས་ཧྲུའུ་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་དང་རླུང་འཕྲིན་བརྙན་འཕྲིན་ཅུས། སི་ཁྲོན་སྐྱེ་ཁམས་ཡུལ་སྐོར་མཐུན་ཚོགས། སི་ཁྲོན་ཞིང་ཆེན་སྒར་རྒྱག་དང་རང་བསྐོར་ཡུལ་སྐོར་མཐུན་ཚོགས། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་བཅས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག ས་གནས་གཉིས་ཀྱི་ཡུལ་སྐོར་དང་ཞིང་འབྲོག་འབྲེལ་ཡོད་ཁེ་ལས་ཀྱིས་ཐོན་ལས་འཕེལ་རྒྱས་ཐད་ཀྱི་མཉམ་ལས་གྲོས་མཐུན་བཞག་པ་རེད། ད་དུང་ཡུལ་དངོས་སུ་ཁྲེང་ཏུའུ་ནས་ཡུས་ཧྲུའུ་དང་ལྷ་སའི་བར་གྱི་ལམ་ཐིག་ཏེ། སི་ཁྲོན་ནས་མཚོ་སྔོན་བརྒྱུད། བོད་ལྗོངས་ལ་འགྲོ་བའི་རང་བསྐོར་ཡུལ་སྐོར་ཚོགས་པར་དར་ཆ་གནང་བ་རེད།

ཐེངས་འདིའི་འོས་སྦྱོར་འདུ་ཚོགས་ཐོག ཡུས་ཧྲུའུ་ནས་ཡོང་བའི་ཁེ་ལས་སོ་ལྔ་ཡི་ཞིང་འབྲོག་ཐོན་རྫས་སྣ་ཁ་བརྒྱ་ལྷག་ཁྱེར་ནས་འགྲེམས་སྟོན་ནང་ཞུགས་པ་དང་། འོས་སྦྱོར་འདུ་ཚོགས་ཐོག་ད་དུང་ཡུས་ཧྲུའུ་མངའ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་པར་ལེན་བརྩམས་ཆོས་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་གནའ་བོའི་བྲག་བརྐོས་རི་མོའི་ལོ་རྒྱུས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།  ཐོན་རྫས་འོས་སྦྱོར་འདུ་ཚོགས་ཉིན་གསུམ་རིང་འཚོག་རྒྱུ་ཡིན་ལ། དེའི་རིང་ཁྲེང་ཏུའུ་ལོ་མཱ་ཅཱ་རི་ཐང་ཆེན་དང་། སྐོར་བྲོ་ཚོགས་པ། ཁོན་ཀྲེ་སྲང་ལམ་སོགས་ནས་སྐོར་བྲོ་འཁྲབ་པ་དང་ཤོམ་འགྲོ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1