ནང་དོན་སྙིང་བསྡུས། དེའང་འགའ་ཞིག་གིས་གླིང་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་མ་མྱོང་བའི་ལྷ་སྒྲུང་ལྟ་བུར་བརྩིས་འདུག་ནའང་། འདིར་ལོ་རྒྱུས་ཀྱི་ཡིག་རྙིང་ཁག་དང། དེང་དུས་གེ་སར་རྒྱལ་པོ་དང་འབྲེལ་བའི་མཁར་ཤུལ་དང་། གླིང་གེ་སར་སྐོར་གྱི་གནའ་ཤུལ་རིག་དངོས། ཕྱི་ནང་མཁས་དབང་དག་གིས་གནའ་བོའི་དུས་རིམ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་འབྲས། བོད་བརྒྱུད་ནང་བསྟན་ཆོས་རྒྱུད་ཁག་གིས་གླིང་གེ་སར་རྒྱལ་པོས་གཙོས་པའི་དཔལ་རྟུལ་སོགས་འཁོར་བཅས་ཀྱི་སྒྲུབ་ཐབས་ཆོ་ག་སོགས་ལས། གླིང་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་ལ་བོད་ཀྱི་རུས་ཚན་སྨུག་པོ་ལྡོང་གི་མི་རྒྱུད་ལས་ཆད་པའི་བོད་མི་འཁྲུལ་མེད་ཅིག་ཡིན་པའང་གཅིག་ཤེས་ཀུན་གྲོལ་གྱིས་ཚུལ་དུ་རྟོགས་ཐུབ་པ་བསྟན་པའོ། །
གཅིག སྔོན་བྱུང་ཆོས་འབྱུང་ལོ་རྒྱུས་ཁུངས་ཐུབ་དག་ལས་གླེང་བ།ཡིད་རྟོན་འཕེར་བའི་སྔོན་གྱི་ལོ་རྒྱུས་ཁུངས་ཐུབ་མང་པོ་ཞིག་ན་གླིང་གེ་སར་རྒྱལ་པོའི་སྐོར་བཤད་ཡོད་ནའང་། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང། འཁྲུངས་ལོ། ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་མི་ཞིག་ཡིན་མིན་ཐད་ད་དུང་འདོད་ཚུལ་མི་མཐུན་པ་མཆིས། ལོ་རྒྱུས་ཀྱི་ཡིག་ཆ་སྔ་ཤོས་མ་ཎྀ་བཀའ་འབུམ་དང་། སྤྱི་ལོ་༡༢༨༥ལོར་ཨོ་རྒྱན་གླིང་པས་བསམ་ཡས་དང་ཤེལ་བྲག་ནས་བཏོན་པའི་གཏེར་ཆོས་བཀའ་ཐང་སྡེ་ལྔ། དཔའ་བོ་གཙུག་ལག་ཕྲེང་བས་༡༥༤༥ལོར་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན། རབ་བྱུང་བརྒྱད་པའི་ས་སྤྲེལ་ལོར་༡༤༨༨ནང་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་རྗེ་བཙུན་མི་ལ་རས་པའི་རྣམ་མགུར། སྤྱི་ལོ་༡༣༨༨ལོར་ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་། གོང་ས་ལྔ་པའི་དཔྱིད་ཀྱི་རྒྱ་མོའི་གླུ་དབྱངས། དགེ་ཆོས་ཀྱིས་༡༩༤༦ལོར་བརྩམས་པའི་དེབ་ཐེར་དཀར་པོ། ལ་དྭགས་རྒྱལ་རབས་སོགས་ལས། བྱང་གེ་སར་དང། གེ་སར་དམག་གི་རྒྱལ་པོ། ཕྲོམ་གེ་སར། ཁྲོམ་གེ་སར་འདན་མ། ཧོར་གེ་སར་སོགས་མིང་འདྲ་མིན་སྣ་ཚོགས་བྱུང་བས་གེ་སར་ཞེས་པ་མྱི་མི་འདྲ་བ་གཉིས་སམ་མི་རིགས་གང་ཡིན་ལ་སོམ་ཉི་བྱ་བའི་གནས་སུ་གྱུར་ཏེ་ཐུན་མོང་གིས་ཡིད་རྟོན་རུང་བའི་ལོ་རྒྱུས་ཤིག་མ་བྱུང་བའི་ལན་པ་དང། རང་རེ་བོད་རྣམས་ཀྱིས་མྱི་ལ་ལྷ་ཡིན་པའི་འདུ་ཤེས་དང་ལྟ་བ་འཛིན་དྲག་ནས་དོན་ངོ་མ་རྫུ་འཕྲུལ་གྱི་བཀོད་པ་ཉ་ཉུང་མཉམ་བསྲེར་བྱས་པའི་སྟབས་ཀྱིས། གླིང་གེ་སར་རྒྱལ་པོ་འདི་ལོ་རྒྱུས་ཐོག་དངོས་སུ་བྱུང་ངམ་གང་དུ་འཁྲུངས་པ་དང། དུས་ནམ་ཙམ་འཁྲུངས་པ། དེས་དབང་བསྒྱུར་བྱ་ཡུལ་སོགས་ལྷ་སྒྲུང་ལྟ་བུར་བརྩིས་འདུག་ནའང། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་དག་གིས་མཛད་པའི་འདིའི་སྐོར་གྱི་ཡིག་རྙིང་ཁུངས་ལྡན་ཁག་དང། དེང་དུས་དངོས་སུ་བརྟག་དཔྱད་བྱ་རུང་བའི་མཁར་ཤུལ་དང། དེ་དང་འབྲེལ་བའི་གནའ་ཤུལ་རིག་དངོས། ཕྱི་ནང་མཁས་དབང་དག་གིས་གནའ་རབས་དུས་རིམ་གྱིས་བྱུང་བའི་ལོ་རྒྱུས་ལ་དངོས་གཙོ་རིང་ལུགས་ཀྱི་ལྟ་བས་ཞིབ་འཇུག་བྱས་འབྲས་ལས། དཔེར་ན། གྲུབ་ཆེན་ཀརྨ་པཀྵི་(༡༢༠༤-༡༢༨༣)ཡིས་གེ་སར་སྐྱེས་བུ་དོན་འགྲུབ་ཞལ་གཟིགས་པའི་དུས་མཛད་པའི་སེང་ཆེན་སྐྱེས་བུ་དོན་འགྲུབ་ལ་བསངས་མཆོད་འབུལ་ཚུལ་ལགས་སོ་ཞེས་པ་ལས། གླིང་གི་དཔལ་རྟུལ་དང། ཕུ་ནུ། མོ་སྨན་སོགས་ལ་ལོ་རྒྱུས་ཀྱི་མི་སྣ་དངོས་ཀྱི་ལྟ་བ་བཟུང་སྟེ་ཞིབ་འབྲི་གསོན་ཉམས་ལྡན་པ་བགྱིས་འདུག་པ་ནི་གླིང་གེ་སར་རྒྱལ་པོའི་སྐོར་གྱི་གལ་ཆེའི་ཡིག་ཆ་རྙིང་ཤས་ཞིག་ཡིན་ལ། དེས་དེར་ཞིབ་འཇུག་བྱ་བ་ལ་དམིགས་བསལ་གྱི་གནས་བབ་འགངས་ཆེན་ཞིག་བཟུང་ཡོད་པ་སྙམ། རླངས་བྱང་ཆུབ་འདྲེ་བཀོལ་(༩༦༨-༡༠༧༦)དང་། ཕག་གྲུ་ཏཱ་སི་བྱང་ཆུབ་རྒྱལ་མཚན་(༡༣༠༢-༡༣༧༡)གྱིས། དུས་རབས་བཅུ་གཅིག་ནས་བཅུ་བཞི་བར་དུ་རླངས་རྒྱུད་བྱུང་རིམ་བརྗོད་པའི་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས། རླངས་ཀྱི་གྲུབ་ཐོབ་ཆེན་པོ་བྱང་ཆུབ་འདྲེ་བཀོལ་གྱི་རྣམ་ཐར་ལས་གླིང་རྗེ་གེ་སར་དང་མཆོད་ཡོན་དུ་འབྲེལ་བའི་ལོ་རྒྱུས་མང་དུ་བྱུང་བ་ལས། དེ་ནས་ཁོང་གིིས་ཤར་དུ་བྱོན། གེར་འཚོའི་མགུལ་དུ་བྱོན་པ་ལ། གླིང་རྗེ་གེ་སར་གྱིས་སྤྲིན་གྱི་བེར་ནག་པོ་ཐོག་གདུགས། སྲིན་རལ་ཁྲའོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས། མི་འཆི་ཚེའི་དབང་ཞིག་ཞུ། ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེེད་ཀྱིས་བདག་གི་ལུས་སྐྱོབ་མཛོད། ཟེར་ནས། ཁོང་གིི་ཞལ་ནས། ཁྱོད་འཆི་བའི་དུས་ལ་བབ་པ་ལ། རང་རེས་འབད་ཀྱང་ག་ལ་བརྟན། བདུད་ཀྱི་བར་ཆད་མི་འབྱུང་བ། །རྣ་འབྱོར་བདག་གིས་སྲུང་མ་བྱེད། །ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར། །སྐྱེས་བུ་ཁྱོད་ཀྱི་ཚེ་ཚད་ཡིན། ཞེས་སོགས་གསུངས། ཡེལ་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད། ཁམས་ཡེལ་པ་གྲུབ་ཐོབ་ཡེ་ཤེས་བརྩེགས་པ་(༡༡༣༤-༡༡༩༤)ཞེས་ལྷོ་ཡེལ་པ་ཕུག་དང་བྱང་རྟ་རྣ་ཕྱག་འདེབས་མཁན་དེའི་རྣམ་ཐར་དུ་གླིང་རྗེ་རྣམས་ཀྱིས་བླ་མར་བཀུར་ནས་ཕ་ཟོག་རྟེན་དང་གོ་མཚོན་མང་པོ་ཕུལ་བའང་ད་ལྟ་བྱང་རྟ་རྣ་རུ་ཡོད་ཞེས་གསལ་པོར་བཀོད། ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་(༡༦༩༩-༡༧༧༤)ཀྱི་ཞལ་རྒྱུན་ཟིན་ཐོ་ཁམས་སྤྲུལ་པས་བཏབ་པའི་འབེལ་གཏམ་ཚད་ལྡན་ལས། གླིང་གེ་སར་རམ། འཛམ་གླིང་སྐྱེས་བུ་དོན་འགྲུབ་དང་། དཔའ་ཐིལ་སུམ་ཅུ་ལ་སོགས་པ་རྣམས། མངོན་གནས་སུ་ཡོད་པ་བདེན་ངེས་པ་ཅན་ཡིན་ཏེ། དེ་ཡང་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད། བྱང་ཆུབ་འོད་ཟེར་སློབ་དཔོན་ཆེན་པོའི་སྤྲུལ་པར་ལུང་གི་ཟིན་ཅིང། དེ་ཉིད་ལ་གཏེར་གྱི་ཁ་བྱང་ལ་སོགས་པ་ཡོད་པ་རྣམས་རྒྱལ་པོ་གེ་སར་ལ་སྤྲད་དེ། དེ་ཉིད་ཀྱི་གཏེར་ནས་སྤྱན་དྲངས་པ་ལ། ཐུགས་དམ་བསེ་རུ་མར་གྲགས་ཤིང། ཆོས་རྒྱལ་གདུང་རྒྱུད་རིམ་ཅན་གྱི་ཐུགས་དམ་མཛད་ཅིང་གཅེས་པར་བཟུང་བ་ལས། ཕྱིས་ཆོས་རྒྱལ་གདུང་རྒྱུད་ཀྱི་མཐའ་སྣེའུ་གདོང་རྒྱལ་པོ་འདས་ནས་རབས་ཆད་པའི་དུས་སུ། དེའི་བདག་མོའི་ཐུགས་དམ་བསེ་རུ་མའི་དཔེ་རྗེ་དྲུང་རིན་པོ་ཆེའི་ཕྱག་ཏུ་ཕུལ་བ་ད་ལྟ་གར་ཡོད་རྩད་མ་ཆོད་ཅིང། གཞན་ཡང་བྱང་རྟ་རྣར་གླིང་གི་ཕ་འབུམ་སུམ་ཅུའི་ནང་ཚན་དཔོན་ཆུང་སྣང་ངུའི་འབུམ་དངོས་སུ་མཐོང་བར། དེ་དག་གི་དཀར་ཆག་དང་ལོ་རྒྱུས་ཀྱང་ཁུངས་དག་སུ་སྣང་ལགས། དེའི་ལོ་རྒྱུས་འཆད་པའི་སྒྲུང་ལའང་སྔོན་དུས་ཡུལ་གྲུ་སྟོད་སྨད་རྣམས་སུ་རང་བབ་རྡོལ་སྐྱེས་སུ་ཤེས་པའི་མཁས་པ་གནམ་མཚོའི་ཕྱོགས་སུ་བྱུང་བ་ཞིག་གི ནུབ་ཁ་བ་ཐུལ་ཙམ་བབ་པའི་དུས་སུ་ནང་དུ་སྒྲུང་བཤད་པས། ནངས་པར་ཕྱི་རོལ་དུ་རྟའི་རྨིག་རྗེས་ཀྱི་ཁྲིག་སེ་གང་བ་དང། ཡང་སྡེ་དགེའི་ཕྱོགས་སུ་བླ་མ་བསོད་ནམས་ཕུན་ཚོགས་ཀྱི་དུས་སུ་ཡིད་ལྷུང་གི་ཕྱོགས་སུ་ལུང་པ་སྟོང་པར་ཡོད་སྐབས། སྔར་གླིང་གི་དུས་སུ་ས་འདི་ལ་མིང་འདི་ལབ་པ་ཡིན་ཟེར་བ། གཞན་གྱི་མ་ཐོས་བཞིན་དུ་ཕྱིས་ཀྱང་ས་མིང་དེ་ལྟར་ཐོག་པ་དང་། རྒྱུས་མེད་པའི་སྦས་ལུང་ཆེན་པོ་ཞིག་རྙེད་པ་སོགས་ཀྱི་མཚོན་པའི་མཁས་པ་མང་དུ་བྱུང་འདུག་ཀྱང། འདྲ་ལ་འདྲ་མིན་རྣམ་པ་སྣ་ཚོགས་པ་ནི་དེ་དག་ལ་ཡང་འབྱུང་གི་འདུག་སྟེ། དཔེར་ན། གནམ་མཚོའི་ཕྱོགས་ཀྱི་སྒྲུང་པ་རྣམས་ཀྱིས། ཞ་ལུ་དཀར་པོ་ལ་གླིང་གི་རྒོད་པོ་པ་ལ་ཟེར་བ་དང་། བདུད་ཀླུ་བཙན་ལ་བདུད་ཨ་ཆུང་ཞེས་འབོད་པ་ལྟ་བུའི་མིང་ཡང་མི་འདྲ་བ་དང་། ལོ་རྒྱུས་ལ་མི་མཚུངས་པ་ཆེས་ཤིན་ཏུ་མང་ལ། དེང་སང་དེ་ལྟ་བུའི་མཁས་པའང་གཏན་ནས་མི་འདུག་ལ། ལོ་རྒྱུས་འཆད་པ་དངོས་འགལ་དུ་འགྲོ་བ་མང་དུ་སྣང་ལ། དེ་ཡང་རྫོང་ཆེན་བཅོ་བརྒྱད་ཕབ་པའི་གྲངས་ཡོངས་སུ་ཚང་བ་བཤད་ཤེས་པ་དང། དེ་ལས་ཀྱང་ལྷག་པར་ཏི་སེ་ཀིའི་ཤེལ་རྫོང་། འབབ་རོང་ཕུབ་རྫོང་ཕབ་པའི་ལོ་རྒྱུས་གཉིས་འཆད་ཤེས་པ་དཀོན་ཤིང་། ཤེས་ན་མཁས་པར་བརྩིའོ། །ཞེས་གསུངས། རྗེ་ཉིད་ཀྱི་རང་རྣམ་དུའང་ཚབ་ཚ་དགོན་གྱི་ཉེ་སྐོར་ལྕི་མདའ་ཞེས་པ་དེང་སྐབས་གེ་སར་ལྷ་ཁང་ཡོད་ས་དེར་གེ་སར་འཁྲུངས་ཡུལ་ངོས་འཛིན་གནང་འདུག སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་(༡༧༠༤-༡༧༨༨)གྱིས་མཛད་པའི་མཁན་པོ་ཨེརྟི་ནི་པཎྜི་ཏར་གྲགས་པའི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བའི་ལྡེབ་ལྔ་པ་ནས་དྲུག་པ་དང་། ནང་དོན་ཐ་སྙད་རིག་གནས་ཀྱི་གཞུང་གི་དོགས་གནད་འགའ་ཞིག་དྲིས་པའི་ལན་ཕྱོགས་གཅིག་ཏུ་བྲིས་པ་རབ་དཀར་པ་སངས་ཞེས་བྱ་བའི་ལྡེབ་བཅུ་པ་ནས་བཅུ་དྲུག་པར་དུ་གླིང་གེ་སར་ནི་རྨ་ཆུ་རྫ་ཆུ་འབྲི་ཆུ་གསུམ་ཡོད་པའི་བར་རྫ་ཆུའི་སྡེ་དགེའི་ས་ཆར་གཏོགས་པ་སྤྱིའི་གཞུང་ཚབ་ཚ་ལུང་པའི་ཆུ་གཉིས་སུམ་མདོའི་མདོ་སྐྱིད་ཉི་མ་ཀུན་འཁྱིལ་ནས་སྐུ་འཁྲུངས་ཤིང། ཁོང་གི་རིགས་རུས་ནི་འགུ་ཟི་རྒྱལ་པོའི་རིགས་རེད། དེཡང་ཕ་སེང་བློན་དང། མ་འགོག་རུས་ཀྱི་བུར་སྐྱེས། ཁ་ཅིག་ནས་གཞི་བདག་གཅིག་གི་བུ་ཡིན་ཟེར་ཞེས། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང། རིགས་རུས་གང་ཡིན་པ་དང། ཡབ་ཡུམ་སུ་ལས་འཁྲུངས་པ་སོགས་གསལ་པོར་བསྟན་ཡོད། དེ་ལྟར་སི་ཏུ་པཎ་ཆེན་དང་སུམ་པ་ཡེ་ཤེས་དཔལ་འབྱོར་གཉིས་ནི་གླིང་གེ་སར་རྒྱལ་པོའི་སྐོར་ལ་ཞིབ་འཇུག་ཐོག་མར་བྱེད་མཁན་བོད་པ་ཡིན། རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ(༡༧༥༨-༡༨༠༤)ཡི་རྣམ་ཐར་ལས། མདོ་ཁམས་ཟལ་མོ་སྒང་གི་སའི་ཆར་གཏོགས་པའི་རྫ་ཆུའི་རྒྱུད་ན་གླིང་གེ་སར་ཞེས་གླིང་དཀར་ལྷ་ཡི་གདུང་ལས་ཆད་པའི་སྐྱེས་བུ་གྲགས་ཅན་ཞིག་བྱུང་ལ། དེས་མདོ་སྟོད་ས་ཆའི་ཚོ་པ་བཅོ་བརྒྱད་དབང་དུ་བསྡུས་སོ། །ཞེས་དང། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་(༡༨༠༡-༡༨༦༦)ཀྱིས་བརྩམས་པའི་མདོ་སྨད་ཆོས་འབྱུང་དུ། གླིང་གེ་སར་རྒྱལ་པོ་ནི་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དུ་འཁྲུངས་ཤིང་དེའི་དབང་བསྒྱུར་བྱ་ཡུལ་ནི་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ཡིན་པར་བསྟན་ཡོད། མངའ་རིས་མཁས་པ་ངག་དབང་གྲགས་པས་མཛད་པའི་ལ་དྭགས་ཆོས་འབྱུང་ལས། གེ་སར་རྒྱལ་པོས་ཁ་ཆེ་གཡུ་རྫོང་ཕབ་སྟེ། གླིང་དུ་ལོག་སྐབས་གྲི་བོག་མདའ་མདུང་ཁྲབ་རྨོག་བཅས་གོ་ཆ་དང། རྟ་སྒ་ཆས་སོགས་དངོས་པོ་ཕོན་ཆེན་མངའ་རིས་རྒྱལ་པོ་ལ་ཕུལ་བ་རྣམས། རྒྱལ་པོས་དེ་དག་གཅེས་པར་བཟུང་ནས་མངའ་རིས་ཀྱི་དགོན་པར་རྟེན་བཞག་ཏུ་ཕུལ་ཞེས་བཀོད། དེ་མིན་གླིང་ཚང་རྒྱལ་པོའི་རྒྱལ་རབས་རིམ་བྱུང་དང་བག་བཤད་སོགས་སུ་གེ་སར་མཆེད་ཡ་རྒྱ་ཚ་ཞལ་དཀར་ནས་དེང་གི་དུས་བར་མི་རབས་རེ་རེ་བཞིན་གྱི་མིང་བགྲང་རྒྱུ་ཡོད་འདུག་པ་སོགས་ཀྱིས་ཀྱང་གསལ། གཞན་ཡང་སྟག་ལུང་སངས་རྒྱས་(༡༢༠༣-༡༢༧༢)ཁམས་ཕྱོགས་ཕེབས་སྐབས་ཧོར་གླིང་འཁྲུགས་པའི་སྐོར་རྣམ་ཐར་ལས་འབྱུང་བ་དང་། ཀཿཐོག་པ་དབུ་འོད་ཡེ་ཤེས་འབུམ་གྱི་རྣམ་ཐར་ལས་འགྲོ་མགོན་ཆོས་འཕགས་རྒྱ་ནག་ཏུ་ཕེབས་སྐབས་ཧོར་གླིང་གཡུལ་འབྱེད་དང་ཁེལ་བས་བྱང་ལམ་བརྒྱུད་ཕེབས་མ་ཐུབ་པའི་ལོ་རྒྱུས་ཡོད་པར་བཤད་པ་དང་འདི་གཉིས་ལྟ་བ་ཕྱོགས་མཚུངས་སོ། །
དེ་ལྟར་བོད་ཀྱི་མཁས་གྲུབ་དམ་པ་དུ་མས་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཁམས་ཀྱི་སྐྱིད་སོས་ཡག་གི་ཁ་མདོ་ཡིན་པ་དང་། ཁོང་བོད་མིའུ་ལྡོང་དྲུག་ལས་ནང་ཚན་སྨུག་པོ་ལྡོང་ལས་མཆེད་པའི་གླིང་གི་རིགས་རྒྱུད་ཡིན་ལ། ཁམས་གླིང་ཚང་རྒྱལ་པོའི་གདུང་རྒྱུད་ཡབ་གླིང་ཆུང་རྒྱུད་སེང་བློན་རྒྱལ་པོ་དང་། ཡུམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་དང་པོ་ཚུགས་མ་ཐག་པའི་ས་ཕོ་སྟག་ལོར་འཁྲུངས་ཏེ་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བཞུགས་པ། དབང་བསྒྱུར་གྱི་མངའ་ཁོངས་གཙོ་བོ་ནི་རྨ་ཆུ་སྟོད་སྨད་བར་གསུམ་འདུས་པའི་མདོ་ཁམས་ཡིན་པར་ལོ་རྒྱུས་ཐམས་ཅད་ཁ་མཐུན་ཞིང། ཕལ་ཆེར་དོགས་དཔྱད་ཅི་ཡང་མི་དགོས་པར་གྱུར། མིང་ཡང་གླིང་རྗེ་གེ་སར་དང་། གླིང་གེ་སར་རྒྱལ་པོ། སེང་ཆེན་ནོར་བུ་དགྲ་འདུལ་གསོལ།