༄༅།།རང་བྱུང་སྐྱེ་ཁམས་ཁོར་ཡུག་གིས་གནའ་བོའི་མཛེས་དཔྱོད་ལྟ་བར་ཤུགས་རྐྱེན་ཐེབས།

མཚན་ལྡན་དབང་མོས་བྲིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-24


   དེ་ཡང་རྒྱ་བོད་ཡིག་ཚང་ཆེན་མོ་ལས་ཤར་ན་རྒྱ་ནག་དང་། ཁྲི་བརྟན། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕན་གཉིས། བྱང་ན་ཁྲོམ་དང་གེ་སར་གཉིས། དབུས་ན་བོད་ཡུལ་གངས་རིའི་ར་བ་དགུ་ཟེར་ཏེ། འཛམ་བུ་གླིང་གི་ས་ཚད་ཀྱི་ལྟེ་བ། བོད་གངས་ཅན་འདི་ཡིན་པར་འདོད་པ་ནི། ས་མཐོ། རི་མང་། གངས་ཆགས་ཆུ་བོ་ཐམས་ཅད་འདི་ནས་ཕྱིའི་མཐའ་རྣམས་ལ་འབབ་པའི་ཕྱིར་ན་འདི་ཉིད། སའི་དབུས་ལྟེ་བ་ཡིན་པར་འདོད་དོ། །ཞེས་དང་། བོད་ཀྱི་རྗེ་བོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ཚེ་ཡུལ་གྱི་རྣམ་པ་ཕྱིས་ཀྱི་རྡོ་རིང་ངོས་སུ་བྲིས་པའི་ཡི་གེ་ལས། གངས་རི་མཐོན་པོ་ནི་དབུས། ཆུ་བོ་ཆེན་པོའི་ནི་མགོ། ཡུལ་མཐོ་ས་གཙང་བ་ལ། ཞེས་བཀོད་པ་ལྟར། བོད་ཀྱི་ཡུལ་འདིར་གངས་རིའི་ར་བས་བསྐོར་བའི་ཡུལ་ཁམས་ཤིག་ཡིན་ལ། ཆུ་བོ་ཡང་སྟོད་མངའ་རིས་ནས་འབབ་པའི་ཀླུང་ཆེན་ཁ་འབབ་རྣམ་བཞིར་གྲགས་པ་དེ་དང་། སྨད་མདོ་ཁམས་ནས་འབབ་པ་རྨ་འབྲི་སོགས་འཛམ་གླིང་ན་སྙན་པ་མཐོ་བའི་ཤར་རྒྱ་ནག་ཡུལ་གྱི་ཆུ་བོ་ཆེན་པོ་རྣམས་ཀྱི་མགོར་གནས་ཤིང་། མཚོ་དང་མཚེའུ། རྫ་རི་དང་སྤང་རི། ས་འོག་གི་གཏེར་རྫས་གསེར་དངུལ་ཟངས་ལྕགས། རྡོ་སོལ་རྡོ་སྣུམ་སོགས་གཏེར་རྫས་སྣ་ཚོགས་ཀྱི་འབྱུང་ཁུངས་ཀྱང་ཡུལ་ཁམས་གཞན་ལས་མང་པོ་ཡོད། དེ་བས་ན་ཏུན་ཧོང་ཤོག་དྲིལ་P.T0992སུམ་པའི་མ་ཤགས་ཆེན་མོ་ལས་བརྗོད་བྱའི་དོན་དེ་ཉིད་གསལ་བར་བྱེད་པའི་དཔེ་ལ་གངས་རི་དང་ཆུ་བོ། གསེར་དང་དངུལ་སོགས་བཞག་ཡོད་དེ། དཔེར་ན། ཕོ་འཛངས་པ་ནི་རིང་དུ་འགྲོགས་ཤིང་མཛའ་ལ། །གསེར་གྱི་སྦྲམ་འབུ་ནི་སྲང་ལ་བཏབ་ཅིང་ལྕིའོ། །ཞེས་ཕོ་མཛངས་པ་དེ་ཉིད་གསེར་གྱི་སྦྲམ་བུའི་དཔེར་བཀོད་པ་ལས་གསེར་ནི་བོད་ཀྱི་གནའ་བོའི་མཛེས་དཔྱོད་ཀྱི་ལྟ་བར་རིན་ཐང་ཆེན་པོར་ངོས་བཟུང་པ་ལྟ་བུ་དང་། དྲིན་མྱི་རླག་དུ་བཞག་ན་མྱི་རླག་ལ། །རྡོ་ས་འོག་ཏུ་སྤས་པ་ནི་མྱི་རུལ། །ཞེས་དྲིན་ལན་ལོག་འཇལ་མི་བྱེད་པའི་དཔེ་ལ་འགྱུར་མེད་བརྟན་པོར་གནས་པའི་རྡོ་བ་བཞག་སྟེ་རྡོ་བའི་ངོ་བོ་ངོས་བཟུང་ཡོད། ད་དུང་རྗེ་དཔོན་བྱམས་པ་ལ་འཁོར་ཞིང་ཡི་མ་བཅད་ལ། །གངས་དཀར་པོ་ལ་ལྟ་ཞིང་དམྱིག་མྱི་རུལ། །ཞེས་རྗེ་དཔོན་གྱི་དཔེར་གངས་རི་བཞག་ཏེ་གངས་རི་ནི་བོད་ཀྱི་གནའ་བོའི་མཛེས་དཔྱོད་ཀྱི་ལྟ་བར་གངས་རི་སོགས་ལ་ཧ་ཅང་བརྩི་མཐོང་ཆེ་བ་ནི་སྨྲོས་མ་དགོས་སོ། །འདི་ལྟར་མི་རྣམས་ཀྱིས་གནའ་བོའི་འཚོ་བ་རོལ་སའི་ཁོར་ཡུག་ལ་གོམས་པར་འགྱུར་བར་བརྟེན་མཛེས་དཔྱོད་ཀྱི་ལྟ་བ་ཡང་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པར་གྱུར། ཡང་ཐང་ཡིག་རྙིང་མའི་གླེགས་བམ་བརྒྱ་དང་གོ་དྲུག་པའི་སྟོད་ཆ་ལས་ཡུལ་དེར་གནམ་གཤིས་གྲང་ཞིང་། ས་ལུ་ལྗང་པ་མི་སྐྱེ། ལོ་ཏོག་ནས་དང་། སྲན་མ། གྲོ། བྲ་བོ་སོགས་འདེབས། སྒོ་ཕྱུགས་མང་ཆེ་བ་གཡག་དང་། ཕག །ཁྱི། ལུག །རྟ་རྣམས་ཡིན། ད་དུང་འཕྱི་བའང་ཡོད། དེའི་གཟུགས་དབྱིབས་རྫ་ཙིག་དང་མཚུངས་ཤིང་། ཆེ་ཆུང་བྱི་ལ་ཙམ་ཡོད། པགས་པ་གྱོན་ཆོག །གསེར་དངུལ་ཟངས་གསུམ་དང་ཞ་ཉེ་མང་། མི་རྣམས་མཚེར་ས་འཛིན་པ་ལས་སྡོད་ས་གཏན་ཆགས་མེད་ཀྱང་། རྫོང་མཁར་མང་པོ་བདོག །རྒྱལ་སར་སྐྱིད་གྲོང་དུ་འབོད། ཁང་པའི་ཀླ་ངོས་མཉམ་ཞིང་མཐོ་ཚད་ལ་ཁྲུ་བཅུ་ཕྲག་འགའ་ཡོད། མི་ཆེན་རྣམས་ཕྱིང་གུར་ཆེན་པོར་འདུག་ལ། དེའི་མིང་ཕོ་བྲང་ཞེས་བྱ། སྡོད་གནས་མི་གཙང་བ་དང་གདོང་ཡང་མི་བཀྲུ། ཆང་འཁྱོར་བ་བླུགས་ནས་འཐུང་། སྡེར་མའི་དོད་དུ་ཕྱིང་བ་བཏིངས་ནས་བྱེད། བག་ཕྱེ་ལས་སྐྱོ་ར་ཞིག་བྱས་ཏེ་འོ་མ་སོགས་འཐུང་ཞིང་། རྟིང་སོར་ཕོར་བ་དེའང་ཟ། རི་དྭགས་གཉན་ནི་ལྷ་རུ་བཀུར། མི་རྣམས་མོ་པ་དང་རྩིས་པར་དད། དུས་ཀྱི་ཚིགས་མི་ཤེས་པར་སྟོན་ཐོག་སྨིན་དུས་ལོ་འགོར་བྱེད། རྩེད་མོ་ཤོ་དང་མིག་མངས་རྩེ། རོལ་མོ་ནི་དུང་འབུད། རྔ་བརྡུང་། མདའ་གཞུ་ལུས་དང་མི་འབྲལ་ལ། དར་མ་མཆོག་ཏུ་འཛིན་ཅིང་རྒན་པ་དམན་པར་ལྟ། མ་ཡིས་བུ་ལ་བརྩི། བུ་ཕ་ཡི་དྲུང་ན་རྒོད། ལམ་དུ་འགྲོ་ཚེ་གཞོན་པ་སྔོན་དང་རྒན་པ་རྗེས་སུ་བྱེད། དམག་ཁྲིམས་ཤིན་ཏུ་བཙན། དམག་བྱེད་དུས་དཔུང་སྔ་མ་རྣམས་ཤི་རྗེས་ད་གཟོད་གཞུག་མ་འགྲོ། གཡུལ་དུ་ཤི་བ་དཔའ་བོར་བརྩི། ནད་ཀྱི་ཤི་བ་དམན་པར་བརྩི། ཁྱིམ་ཚང་གཅིག་ནས་མི་མང་པོ་གཡུལ་དུ་ཤི་ན་དུད་ཚང་དགའ་མོར་བརྩི། སྡར་མའི་མགོ་ལ་ཝ་ཡི་གཞུ་གུ་བཏགས་ཏེ་མང་པོའི་མདུན་དུ་དམོད་འདེབས་ཤིང་། དེ་ནི་ངོ་ཚ་ཞིག་ཏུ་བྱེད་ཅིང་། མིའི་གྲས་སུའང་མི་འཇོག །ལག་པ་ས་ལ་བཙུགས་ཏེ་ཁྱིའི་ལད་མོ་བྱས་ནས་གུས་ཕྱག་བྱེད། ཕ་མ་ཤི་ཚེ་སྐྲ་བྲེག །གདོང་ལ་ཚོས་ནག་པོ་བྱུག །གྱོན་པའང་ནག་པོར་བྱེད། དུར་དུ་སྦས་མ་ཐག་འདུན་ཀྱང་གྲོལ། བཙན་པོ་གྲོངས་ཚེ་མི་གཞན་དག་དུར་གྲོགས་སུ་སྦ། བཙན་པོའི་མནབས་ལྭ་དང་། རྩེད་ཆས། ཆིབས་རྟ། མདའ་གཞུ། རལ་གྲི་ལ་སོགས་པའི་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག་པས་བང་སོ་ཆེན་པོ་བརྩིགས་ལ། དེའི་ནང་དུ་དུར་ས་འབུར་མ་བྱེད་ཅིང་། ཐོག་ཏུ་ཤིང་ཞིག་བཙུགས་ཏེ་མཆོད་པ་བྱེད། ཅེས་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་དུས་རབས་བདུན་པ་དང་དེའི་གོང་རོལ་གྱི་བོད་ཀྱི་གནའ་སྲོལ་ལམ་ལུགས་གསལ་བའི་ཡིག་ཆ་རྙིང་པ་ནི་ཐང་ཡིག་ཙམ་ལས་མེད་པས་ཤིན་ཏུ་གལ་ཆེ་གསུངས། དེ་དང་དུས་རབས་བདུན་པའི་ཕྱིས་སུ་བྱུང་བར་འདོད་པའི་ཏུན་ཧོང་ཡིག་རྙིང་P.T0299སུམ་པའི་མ་ཤགས་ཆེན་མོ་ལས་མངོན་པའི་བོད་ཀྱི་གནའ་སྲོལ་གཉིས་ལ་ཞིབ་བསྡུར་བྱས་ན། གནའ་མིའི་སྒོ་ཕྱུགས་ཀྱི་ཐད་གནའ་ནས་ད་ལྟའི་བར་དུ་འགྱུར་བ་ཆེར་བྱུང་མེད་དེ། སུམ་པའི་མ་ཤགས་ཆེན་མོ་ལས་ཀྱང་གླང་རང་དབྱར་གྱི་སྔོ་ཟོས་དང་། དོ་གཡག་ལ་ཚོལ་ལྟ་བུ་དང་ཕོ་མཛངས་དང་རྟ་མགྱོགས་པ་ནི་ཕྱིར་བྱུང་དང་གྲགས་ཞེས་པ་ལྟ་བུ་ལས་ཤེས་ཐུབ། ཡང་ཐང་ཡིག་རྙིང་མ་ལས་གཡུལ་དུ་ཤི་བ་དཔའ་བོར་བརྩི། ནད་ཀྱིས་ཤི་བ་དམན་པར་འཛིན། ཁྱིམ་ཚང་གཅིག་ནས་མི་མང་པོ་གཡུལ་དུ་ཤི་ན་དུད་ཚང་དགའ་མོར་བརྩི། ཞེས་པ་ལས་གཡུལ་འཁྲུག་བརྒྱབས་ཏེ་ཤི་བ་ནི་དཔའ་བོའམ་མཛངས་པར་བརྩི། འོན་ཀྱང་སུམ་པའི་མ་ཤགས་ཆེན་པོ་ལས་འཛངས་ཀྱི་འཕྲུལ་བྱུང་ན་ནི། །ཆུང་ནས་ཡིག་ཕྱིས་བསླབ་ལ། །དཔའ་བོའི་ལས་འདོར་དང་། །ཞེས་འདིའི་སྐབས་འདིར་མཛངས་པ་ནི་ཆུང་ངུའི་དུས་ནས་ཡི་གེ་བསླབ་དགོས་ཤིང་། དཔའ་བོའི་ལས་འདོར་དགོས་པ་ལས་དུས་རབས་བདུན་པའི་རྗེས་སུ་གནའ་མི་རྣམས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་ལ་འགྱུར་བ་བྱུང་སྟེ་དཔལ་ཡོན་སྤྱི་ཚོགས་སུ་སྤྱོད་འགོ་ཚུགས་པར་སྣང་། གཉིས་པ། སྤྱི་ཚོགས་རིག་གནས་སྣང་ཚུལ་གྱི་སྐྱེ་ཁམས་ཁོར་ཡུག་གིས་བོད་མིའི་མཛེས་དཔྱོད་ཀྱི་ལྟ་བར་ཤུགས་རྐྱེན་ཐེབས་ཚུལ། སྤྱི་ཚོགས་རིག་གནས་སྣང་ཚུལ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲོད་ཆོས་ལུགས་དད་མོས་དང་མི་རིགས་སོ་སོའི་རིག་གནས་མི་འདྲ་བ་དག་ཕན་ཚུན་འབྲེལ་འདྲེས་དང་བརྗེ་རེས་བྱས་པར་བརྟེན། མཛེས་དཔྱོད་ཀྱི་ལྟ་བ་ལ་འགྱུར་ལྡོག་བྱུང་ཡོད། དེ་ཡང་ལྡེའུ་ཆོས་འབྱུང་ལས་དེ་ཡན་ཆད་རྒྱལ་རབས་ཉེར་གསུམ་དུ་བོད་ལ་ཆོས་མེད་པས་མུན་པའི་དམག་དང་འདྲའོ། །དེའི་དུས་སུ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བཙས་ཏེ་སྡེ་སྣོད་གསུམ་འབྱུང་བའི་སྔ་བལྟས་སོ། །ཞེས་པ་ལྟར་བོད་ཀྱི་རྒྱལ་རབས་ཉེར་གསུམ་གྱི་རིང་ལ་བོན་ཆོས་ཆེས་ཆེར་དར་བ་དང་། ཡང་ཁྲི་ཐོག་རྗེ་ཐོག་བཙན་དང་རུ་སྤོང་བཟའ་སྟོང་རྒྱལ་མཚོའི་སྲས་ལྷ་ཐོ་ཐོ་རི་གཉན་བཙན་ཏེ། འདིའི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ་འདི་ནི་སངས་རྒྱས་འོད་བསྲུངས་སམ་བྱང་ཆུབ་སེམས་པའི་སྙིང་པོའི་སྤྲུལ་པ་སྟེ། སྐུ་མཁར་ཡུམ་བུ་བླ་སྒང་ན་བཞུགས་པའི་དུས་སུ་གསེར་གྱི་རྒྱ་ཡིག་ཏུ་བྲིས་པའི་སྤང་ཀོང་ཕྱག་རྒྱ་པ་དང་རྟེན་འབྲེལ་གྱི་ཕྱག་རྒྱ་དང་། མདོ་ཟ་མ་རྟོག་གི་བཀོད་པ་གསུམ། གཡུའི་མཆོད་རྟེན་བང་རིམ་བཞི་པ་གཅིག་མདུན་གྱི་ནམ་མཁའ་ནས་བབས་ཏེ། ཆོས་དང་བོན་དུ་ངོ་མ་ཤེས་པས་གཉན་ཞིང་བཀུར་བར་མ་མཁྱེན་ཡང་། བདུག་ཅིང་དཔའ་བ་ཙམ་དུ་དགོངས་ནས། མཚན་ཡང་གཉན་པོ་གསང་བའི་ལྷ་འབྲས་ཞེས་བཏགས། ཞེས་པ་ལས་ཀྱང་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ནང་པ་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་ཞིང་། བོན་ཆོས་ཤུགས་ཆེར་བསྣུབས་པས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་འགྱུར་བ་བྱུང་སྟེ་མཛེས་དཔྱོད་ཀྱི་ལྟ་བ་ཡང་དེ་དང་བསྟུན་འགྱུར་ཡོད། དཔེར་ན་ལྷ་བསང་གཏོང་བ་ལྟ་བུ་ལ་མཚོན་ན་ཡང་། བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་ཅན་ལྔ་ཞེས་གྲགས་པའི་ནང་གསེས་དང་པོ། 《ཡོ་ག་ལྷ་གྱེས་ཅན།》བྱ་བ་ལས་དྲངས་པ་ལྟར་ན། ཐོག་མ་འཇིག་རྟེན་མ་ཆགས་པའི་གོང་བྱུང་བའི་ལྷ་རབས་དུ་མ་ཞིག་བགྲང་བའི་མཇུག་ཆར་འོ་དེ་སྤུ་རྒྱལ་བྱ་བ་དེ་ནམ་མཁའ་འཕྲུལ་ཙམ་ན་བཞུགས་པའི་ཚེ། གནམ་གྱི་ཐང་ང་དགུ་དང་བཤོས་པའི་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་སོ། །ཆར་བབས་པའི་གྲངས་ལས་མང་བའི་ལྷ་ཀུན་གྱི་ཡབ་མཛད་དོ། །བར་སྣང་ལ་བཞུགས་པའི་ཚེ། བར་གྱི་ཐང་ང་དགུ་དང་བཤོས་པའི་སྲས་རི་རབ་ཀྱི་རྡུལ་ཕྲན་པས་མང་བའི་ལྷ་བྲན་ཀུན་གྱི་ཡབ་མཛད། ས་ཐོག་ལ་གཤེགས་པའི་ཚེ་ས་སྡེ་བརྒྱད་ཀྱི་ཚིས་མཛད། མི་མངས་ཀྱི་ལྷར་གཤེགས། ལྷ་དགུའི་ཡབ་ལགས་སོ། །ཞེས་གསལ་བ་དེའི་ཐོག་ནས་གནའ་རབས་ཀྱི་མིའི་བསམ་པར། གནམ་ས་བར་སྣང་དང་བཅས་པ་ཐམས་ཅད་ལྷས་གང་ཞིག་ཡོད་ཚད་ལྷ་ལ་བརྟེན་ནས་བྱུང་བའི་ངོས་འཛིན་བྱེད་པ་དེ་མཚོན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་ནང་པ་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་རྒྱས་སུ་སོང་སྟེ་བོན་ཆོས་བྱེད་པར་བཀག་འགོག་བྱས། ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ལྟར་ན་འཇིག་རྟེན་གྱི་ལྷ་ལ་སྐྱབས་སུ་འགྲོ་བ་ནི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་ནན་ཏན་གྱིས་གདམས་ཡོད། དེ་བཞིན་བོན་ཆོས་བསྣུབས་པ་དང་བསྟུན་ལྷ་བསང་གཏོང་བའི་ངོ་བོ་འགྱུར་ཏེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱིས་མཚོན་ལྷ་ཀླུ་མང་པོ་དམ་ལ་བཏགས་ནས་བོད་སྐྱོང་གི་སྲུང་མར་བསྐོས་ཏེ། བོན་དང་ཆ་མཐུན་པའི་ལྷ་བསང་གཏོང་བའི་གོམས་གཤིས་དེ་ད་དུང་ཡོད་མོད། སྐབས་དེར་གནའ་བོའི་མིའི་ཆོས་ལུགས་དད་མོས་ལ་འགྱུར་བ་བྱུང་བར་བརྟེན་མཛེས་དཔྱོད་ཀྱི་ལྟ་བ་ལ་ཡང་འགྱུར་བ་བྱུང་ཡོད། ཏུན་ཧོང་ཡིག་རྙིང་P.T0299སུམ་པའི་མ་ཤགས་ཆེན་མོའི་ནང་དུ་གནའ་བོའི་མིའི་མཛེས་དཔྱོད་ཀྱི་ལྟ་བར་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཡོད་དེ། དགེ་བའི་བསོད་ནམས་ནི་འཇིག་རྟེན་ཕྱི་མའི་ལམ་མོ། །ཞེས་པར་ཡང་མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །

ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །

ལས་ཀྱི་དྲ་བ་འདི་ཆེའོ། །ཞེས་གསུངས་པ་ལྟར་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ནི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་གཞི་རྩར་ཆགས་ཡོད་པས་འདི་ལས་ཀྱང་བོད་མིའི་མཛེས་དཔྱོད་ཀྱི་ལྟ་བའི་ཁྲོད་སྐྱེ་བ་ཕྱི་མ་གལ་ཆེན་ཡིན་པར་བསྟན་ཡོད།

ད་དུང་ཡང་སུམ་པའི་མ་ཤགས་ཆེན་མོ་ལས་ཆེས་ཆེར་མངོན་མི་འདུག་ཀྱང་། སྤྱི་ལོ་641ལོར་ཇང་ཞ་ལྦང་ལི་ཏི་ཙུང་གིས་གོང་མའི་བཀའ་རྟགས་བསྣམས་པས་ཀོང་ཇོ་བོད་དུ་སྐྱེལ། ཁྲི་སྲོང་བཙན་འཁོར་དང་བཅས་པ་མཚོ་ནག་ཏུ་བསུ་བར་ཕེབས། རྒྱ་བཟའ་ཀོང་ཇོ་བོད་ཀྱི་བློན་ཆེན་རྣམས་ཀྱི་གདོང་ལ་ཚོན་དམར་པོ་བྱུགས་པའི་སྲོལ་དེར་མ་དགའ་ནས། སྲོང་བཙན་གྱིས་སྲོལ་དེ་ཕྱིན་ཆད་བྱེད་མི་ཆོག་པ་བྱས། བཙན་པོ་རང་ཉིད་ཀྱིས་ཀྱང་དར་ཟབ་ཀྱི་གོས་གྱོན། དེའི་རྗེས་རྒྱ་བཟའི་བཀའ་བཀོད་བཞིན་འོ་ཐང་གི་མཚོ་བསུབས། རྡོ་དང་ས་བཟང་། བྱེ་མ་རྣམས་རིམ་པར་བཏིང་བའི་སྟེང་དུ། བལ་བཟའ་ཁྲི་བཙུན་གྱིས་བལ་ཡུལ་ནས་བཟོ་བོ་མཁས་པ་དུ་མ་བོས་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་དང་། དུས་མཚུངས་རྒྱ་བཟའ་ཀོང་ཇོས་ཀྱང་རྒྱ་ཡུལ་ནས་བཟོ་བོ་མཁས་པ་དུ་མ་བཀུག་ནས་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་བཞེངས། ཀོང་ཇོ་རྣམ་གཉིས་ཀྱིས་རྫོངས་སྐལ་དུ་དྲངས་ཡོང་བའི་ཐུགས་དམ་གྱི་རྟེན་རྣམས་ཀྱང་ལྷ་ཁང་འདི་གཉིས་ཀྱི་ནང་དུ་བཞུགས་སུ་གསོལ། ཞེས་གསལ་བ་བཞིན་རྒྱ་བཟའ་ཀོང་ཇོ་བོད་དུ་གདན་དྲངས་པའི་དུས་སྐབས་སུ་དམག་མིའི་གདོང་ལ་ཚོན་དམར་པོ་བྱུགས་པའི་མཛེས་དཔྱོད་ཀྱི་ལྟ་བ་ལ་འགྱུར་བ་བྱུང་ཞིང་། བཟོ་རིག་ལ་ཡང་ཐང་རྒྱལ་རབས་ཀྱི་ཤན་ཤུགས་ཐེབས་ཡོད་པ་ཤེས་ཐུབ། མདོར་ན་གནའ་མིའི་མཛེས་དཔྱོད་ཀྱི་ལྟ་བ་ནི་མི་རིགས་གཅིག་རྐྱང་གི་རིག་གནས་ཤིག་མ་ཡིན་པར། མི་རིགས་སྣ་མང་གི་འབྲེལ་འདྲེས་ཀྱི་ཤུགས་རྐྱེན་ལ་བརྟེན་ཕན་ཚུན་ལ་འབྲེལ་བ་ཟབ་མོ་ཡོད་པ་ཞིག་ཡིན།

མཇུག་བསྡུ་བ། མཛེས་དཔྱོད་ཅེས་པ་ནི་འདུ་ཤེས་འཛིན་སྟངས་ཤིག་དང་མིའི་རིགས་ཀྱིས་ཕྱི་རོལ་ཡུལ་ལ་དམིགས་པའི་རྟོག་པ་བསྡོམས་བྱས་པ་ཞིག་ཡིན་པས་གཏམ་དཔེ་བྱུང་བ་དང་བསྟུན་ནས་མཛེས་དཔྱོད་ཀྱི་ལྟ་བ་ཡང་དེའི་ཁྲོད་དུ་མངོན་ཡོད་པ་ཞིག་ཡིན། དེ་བས་ན་ཕྲན་གྱིས་P.T0992སུམ་པའི་མ་ཤགས་ཆེན་མོ་ཞེས་པའི་ལོ་རྒྱུས་ཡིག་ཐོག་ནས་ཆེས་སྔ་བའི་གཏམ་དཔེའི་གནའ་བོའི་ཡིག་ཚང་མང་པོའི་ཁྲོད་ཀྱི་དུས་ཀྱི་འཕེལ་འགྱུར་ལ་གཞི་བཅོལ་ནས་གཏམ་དཔེ་ལས་མངོན་པའི་གནའ་བོའི་མཛེས་དཔྱོད་ཀྱི་ལྟ་བ་རགས་ཙམ་བརྗོད་ཡོད། མཛེས་དཔྱོད་ཀྱི་ལྟ་བར་ཤུགས་རྐྱེན་ཐེབས་ཚུལ་ཞེས་ཕྱོགས་གཉིས་སུ་དགར་ཏེ་ཞིབ་བརྗོད་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1