གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་རེ་རེ་མི་ལེན་ཀ་མེད་རེད། །
རེ་རེ་མ་བླངས་ཚོད་ཡོད་རེད། །
སྐྱིད་ན་ཇ་ཆང་མཚར་གླུ་རེད། །
སྡུག་ན་རང་སེམས་སྐྱོ་གྲོགས་རེད། །
ས་འདིའི་ས་ངོ་མ་ཤེས་ན། །
གླིང་དཀར་རྨ་ཉིན་གཞི་དཀྱིལ་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
ཨ་ཆེན་ཐང་བ་གྲུ་བཞི་ནས། །
དམག་དཔོན་ཆེ་གསུམ་སྐུ་མཁར་ལ། །
བྱང་རྫོང་ནག་པོ་འབུམ་ཤོང་ན། །
ཐང་ནག་དཔོན་གྱི་སྤུན་ཡ་ཡིན། །
ཁྲབ་ནག་དུག་རླངས་ནང་རྫོང་ཡིན། །
རྨོག་ནག་སྲིབ་ཆེན་སྙིང་བཅུད་ཡིན། །
འཕྲུ་ནག་དགྲ་འདུལ་རྩེ་ཡ་ཡིན། །
རྟ་ནག་རླུང་ཤུགས་གོང་གནོན་ཡིན། །
མིང་ཆེན་གནམ་ལྕགས་འབུམ་ཐུབ་ཐོགས། །
གཡས་ལ་བཏགས་པའི་སག་ཐག་འདི། །
གཟའ་རྒོད་རྔམ་ཆེན་ལྕགས་མདའི་རྫོང་། །
དུག་གཟེར་ཕོག་ན་ཐར་བ་མེད ། །
གཡོན་ན་བཏགས་པའི་གཟིག་ཤུབས་འདི། །
མཇུག་རིང་པ་ཏྲ་ལྕགས་གཞུའི་ཁར། །
དུག་ཤེད་ངོམ་ན་འབྲོ་ས་མེད། །
ཟུར་ན་འཛིན་པའི་རལ་གྲི་འདི། །
སོ་ནག་མུན་གླིང་བདུད་ཀྱི་མཚོན། །
ཤུབས་ཁ་སྤར་ན་འགྲན་ཡ་མེད། །
གླིང་ཕྲུག་གླུ་ཡི་ཁྲོན་པ་ལ། །
ཆུ་ཕུག་རྙོག་རྟ་རོ་ཁྲ་རྒན་ལགས། །
སེམས་རྒས་སྡར་གྱིས་གང་བ་འདྲ། །
ལུས་རྒས་ངང་ཚུལ་མ་ཤོར་དགོས། །
མ་བྲོས་གོམ་པ་རང་སར་ཟུངས། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
སྔ་དྲོ་དཔའ་གཏམ་མ་བྱས་ན། །
ཕྱི་དྲོ་སྡར་སྐད་ཨ་འུ་ཙི། །
སྔ་དྲོ་ཁ་ཕོ་མ་མང་ན། །
དགོང་ཁ་ངོ་རྔུལ་ཨ་འུ་ཙི། །
དེ་ཨེ་གོ་ཁྲ་རྒན་འཕུང་རྒན་ལགས། །
དཔའ་གཏམ་རྒྱབ་ཀྱི་ཝ་བྲོས་དེ། །
རང་སྙིང་སེར་ཁ་གས་ནས་འཆི། །
ཁ་ཕོ་རྒྱབ་ཀྱི་ངོ་རྔུལ་དེ། །
རང་རྨ་རང་གིས་ཕབ་ནས་འཆི། །
བྲོས་པས་ཐར་ས་ལར་ནས་མེད། །
ཤི་ན་སྟག་ཤི་གཟིག་ཤི་དགའ། །
ཨ་ཅང་རྒན་པོས་ཧམ་པ་ལ། །
ཕོ་ལོ་བརྒྱད་ཅུའི་མར་མཐའ་བསླེབས། །
བདུན་ཅུ་ཐམ་པའི་ཡ་མཐར་བསླེབས། །
རྒན་པོས་ཤི་ཆོས་མི་བསྒྲུབ་པར། །
དམག་མང་བཅོམ་པས་ཅི་ཕན་བསམས། །
ཚེ་ཕྱི་མའི་སྡིག་པའི་འབྲས་བུ་དེ། །
ཤ་ཕུ་ནུ་ཡོད་ཀྱང་བགོ་བཤའ་མེད། །
གོང་དཔོན་པོ་ཡིན་ཡང་ཕེབས་ས་མེད། །
རྒན་པོ་མིན་པ་ཁུར་མི་མེད། །
ཨ་བ་རི་ལ་སྙིང་རེ་རྗེ། །
དེ་ནས་ང་ལ་ཚུར་ཉོན་དང་། །
མགོ་སྐྲ་དཀར་སྟེང་གི་རྨོག་དཀར་དེ། །
རྒོད་རྨོག་མ་རེད་ལྕེབ་རྨོག་རེད། །
ཐ་མ་ཨ་ཕོའི་ནོན་ཡ་གྱིས། །
ལུས་ཤ་དཀར་སྟེང་གི་ཁྲབ་དཀར་དེ། །
དཔའ་ཁྲབ་མ་རེད་ལྕེབ་ཁྲབ་རེད། །
མཐའ་མ་ཨ་ཕོའི་ནོམ་ཡ་གྱིས། །
རྐང་མཐིལ་ཆུང་འོག་གི་འདོ་ཆུང་དེ། །
རྒོད་རྟ་མ་རེད་ལྕེབ་རྟ་རེད། །
མཐའ་མ་ཧོར་གྱི་གཡོག་རྟ་བྱེད། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
བསེར་མ་རླུང་གི་འགྲོ་ལམ་ན། །
རི་རྩིབ་སྨུག་པའི་བང་ཁ་འཚངས། །
མགྱོགས་མ་བསླེབས་སྨུག་དུམ་དགུང་ལ་ཡལ། །
རླུང་དམར་བར་སྣང་འུར་ལ་འདྲེན། །
གཡུ་འབྲུག་ངར་སྐད་གྲགས་ལམ་ན། །
བུང་ཆུང་རྐང་དྲུག་ཟིར་སྒྲ་འཐེན། །
སྐད་མ་མཉམ་དྲི་ཟ་མདའ་ཁུག་ལྷུང་། །
སྔོན་མོའི་གློག་ལྕེ་དྲུག་འགྱུར་རྒྱག །
ཐང་དཀར་རྒོད་པོའི་ལྡིང་ལམ་ན། །
ནེ་ལེ་ཤ་གཟན་གཤོག་དྲུག་ངོམ། །
རྩལ་མ་མཉམ་བྱ་སྡུག་བྲག་གསེབ་འགྲིམ། །
ངང་མོ་བྲག་དཀར་གྱེན་ལ་འཕུར། །
འབུམ་དམག་དཔུང་བའི་སྟོབས་ཤུགས་ལ། །
ཚོ་ཆུང་ཇག་པས་སྒར་ཆུང་བཏབ། །
གྲངས་མ་མཉམ་གླིང་རུ་མི་རྟིང་ཟད། །
དཔུང་ཆེན་བསམ་འགྲུབ་རང་ཡུལ་བརྒྱན། །
གནམ་ལྕགས་ངར་མའི་གཏུག་ཡ་ལ། །
བརྒྱད་ཅུའི་རྟ་ཞོན་ཧམ་པ་ཆེ། །
དཔའ་མ་མཉམ་མི་རྒན་སྲོག་དམར་སྐྱེལ། །
འབུམ་ཐུབ་གཏམ་རྒྱུད་དགུང་ནས་གྲགས། །
འདྲ་ཨེ་བསམ་ཁྲ་རྒན་འཕུང་འདྲེ་ལགས། །
མི་གཞན་མའི་མཆོག་དཀར་རྭ་ལ་བྱས། །
ངར་མའི་ལག་གཞུ་ལྕགས་ལ་བརྡུངས། །
བྲག་དམར་འདོམ་འཇལ་ཕ་ཚད་ཡིན། །
འཐེན་མི་དགོས་ལག་པས་ཁྱོག་པ་མེད། །
གཞན་མའི་ཉག་ཕྲན་སྨྱུག་ལ་བྱས། །
རྒོད་པོའི་ཉག་ཕྲན་ལྕགས་ལ་བརྡུངས། །
ཐོག་དམར་བཙན་འབབ་ཕ་ཚད་ཡིན། །
འཕེན་མི་དགོས་འདོན་གྱིས་སླེབས་པ་མེད། །
འགྲན་ཡ་མེད་པའི་ཐོག་མདའ་འདི། །
མ་འཕངས་ཧོར་རྒོད་པཱ་དུར་མིན། །
མ་ཐེབས་སྔར་བཤད་སྟོང་གཏམ་ཡིན། །
གཞུ་ཡར་འཁྱོག་མེ་ལྕེ་དགུང་ནས་འབར། །
མར་འཁྱོག་རླུང་དམར་ས་གཞི་གཡོ། །
འཆང་བཟུང་དུག་ནག་རླངས་པ་འཁྲིགས། །
མདེལ་རྩེ་དུག་གི་ངར་ལ་དྲངས། །
མ་བཙུགས་འབེན་འཇོག་གྲོ་བོ་སྐྱ། །
མ་བཟུར་ས་ནག་སྟེང་ལ་རྡེབ། །
མ་ཤི་གསོན་སྙིང་རྟ་རྔར་འདོགས། །
མ་བྱས་ཚོད་མེད་དེ་ལན་གྱིས། །
ཁྱོད་དང་འུ་གུ་གཉིས་པོ་ལ། །
ལྟད་མོ་ཨ་སྔོན་དགུང་ལས་མེད། །
བར་བ་བསེར་མ་རླུང་ལས་མེད། །
ཁྲག་འཐུང་དོག་མོ་ས་ལས་མེད། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་ཞུ། །
ཁྱོད་ཁྲ་རྒན་ཡིད་ལ་དེ་ལྟར་ཞོག །