ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། ས་མཐོའི་སྟེང་སྐྱེ་འཕེལ་དང་དགུན་སྐྱེལ་བའི་འདབ་ཆགས་རིགས་ཤིག་ཡིན། ལོ་རེའི་ཟླ་ལྔ་བ་དང་དྲུག་པ་ནི་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་སྙོལ་བའི་གནད་འགག་གི་དུས་སྐབས་ཡིན།
ཉེ་ཆར། བརླན་ས་སྐོར་སྲུང་བ་རིག་ཁོས་མཛོད་དགེའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོ་གནད་ས་ཁོངས་མཚོ་ཁྲ་མཛེས་ལྗོངས་ཁུལ་དུ་ལོ་མང་འགོར་བའི་གྲོགས་པོ་ཆ་གཅིག་རྙེད་བྱུང་། ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ཀྱིས་སྒོ་ང་སྙོལ་འགོ་བརྩམས། འདི་ནི་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་འདི་གཉིས་ཀྱིས་འདི་རུ་སྒོ་ང་སྙོལ་བའི་ལོ་ལྔ་པ་ཡིན། ས་མཐོའི་ལྷ་བྱ་ཁྲུང་ཁྲུང་སྐེ་ནག་རྒྱུད་སྤེལ་དུས་ལ་སླེབས་པའི་མཚོན་རྟགས་ཡིན།
སི་ཁྲོན་མཛོད་དགེ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་པ་རིག་ཁོས་བཤད་རྒྱུར། ངས་འདི་ནས་སྐོར་སྲུང་གི་ལས་འགན་འཁུར་ནས་ལོ་མང་འགོར་ཡོད། ནམ་རྒྱུན་ཁོར་སྲུང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འགན་འཁུར་ཡོད། ཁྱད་པར་དུ་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱ་རྒྱུ་གཙོ་བཟུང་ཡོད། ཁོ་ཚོའི་སྐྱེ་འཕེལ་ཐད་ཉམས་མྱོང་ངེས་ཅན་ཡོད། ཁྲུང་ཁྲུང་སྐེ་ནག་འདི་གཉིས་ཀྱིས་ད་ལོའི་ཟླ་4པར་འདི་ནས་ཚང་བཞག་པ་དང་སྒོ་ང་བསྙལ། སྔོན་དཔག་ལྟར་ན་ཟླ་5པའི་ཟླ་མཇུག་ལ་སྒོང་ཤུན་བརྟོལ་རྒྱུ་རེད།
ཁྲུང་ཁྲུང་སྐེ་ནག་ལ་སྤྱིར་བཏང་དུ་སྒོ་ང་གཉིས་ཡོད་པ་དང་འཇོང་དབྱིབས་ཡིན། ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ཀྱིས་རེས་བསྐོར་ནས་སྒོ་ང་སྙོལ་སྲིད། གཅིག་གིས་སྒོ་ང་སྙོལ་དུས་གཞན་པ་དེས་བདེ་སྲུང་གི་འགན་འཁུར་ནས། མི་བཟོས་དང་སྲོག་ཆགས་ཀྱི་གནོད་པ་ལས་གཡོལ་ཐབས་བྱེད། ལོ་རེའི་ཟླ་4 པའི་ཟླ་མཇུག་ནས་ཟླ་6 པའི་ཟླ་འགོར་ཁྲུང་ཁྲུང་སྐེ་ནག་གི་སྐྱེ་འཕེལ་ས་ཁུལ་དུ་སྒོ་ང་གཏོང་བ་དང་སྒོ་ང་སྙོལ། ལོ་དེའི་ཟླ་11ཡས་མས་སུ་གསར་སྐྱེས་ཁྲུང་ཕྲུག་ཁྲིད་ནས་ཡུན་ནན་དང་ཀུའེ་ཀྲོའུ་ལ་དགུན་སྐྱེལ་བར་གནས་སྤོ་སྲིད།
སི་ཁྲོན་མཛོད་དགེ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཚན་ཞིབ་མི་སྣ་སྒྲོལ་མ་སྐྱིད་ཀྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། སྲུང་སྐྱོང་ཁུལ་གྱིས་སྲུང་སྐྱོང་གཙོར་བཟུང་སྟེ་ལུགས་མཐུན་བེད་སྤྱོད་དང་ཚན་རིག་སྲུང་སྐྱོང་གི་རྩ་དོན་ལྟར། སྲུང་སྐྱོང་ཁུལ་དུ་གནས་བའི་རི་སྐྱེས་སྲོག་ཆགས་ལ་སྐྱེ་འཕེལ་གྱི་ཁོར་ཡུག་ལེགས་པོ་མཁོ་འདོན་བྱས་ཡོད། དུས་མཚུངས་སུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་རྩིས་ལེན་ཞིབ་བཤེར་བྱས་པར་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན།
མཛོད་དགེའི་བརླན་སར་མཚེའུ་སྐར་ཚོགས་བཞིན་མང་ལ་རྩྭ་ཆུ་ཕུན་སུམ་ཚོགས། ཁྲུང་ཁྲུང་སྐེ་ནག་ཕུད་ད་དུང་ཁྲུང་ཁྲུང་མགོ་ཁྲ། བྱ་གག་མགོ་ལྗང་། བྱ་གག་དམར་རྐྱང་སོགས་འདབ་ཆགས་དཀོན་པོའི་རིགས་འདི་རུ་སྐྱེ་འཕེལ་འཚོ་སྡོད་བྱས་ཡོད། བརླན་སའི་སྐྱེ་ཁམས་མ་ལག་དང་འདབ་ཆགས་སྐྱེ་འཕེལ་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད། ས་གནས་དེ་གས་ཕྱུགས་དོར་བརླན་གསོ་དང་བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་པ་སོགས་སྐྱེ་ཁམས་ཉམས་གསོ་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་གསོ་སྐྱོང་དང་ཆུ་ཁུངས་གསབ་སྤྲོད་ལ་འགན་སྲུང་ནུས་ལྡན་བྱས་ནས། བརླན་སའི་སྐྱེ་ཁམས་སླར་གསོ་བྱེད་པར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད། །