སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་འགྲེམས་སྟོན་ཆེན་པོ་འདི་སྤེལ།

གསར་འགོད་པ། སངས་རྒྱས་ནོར་བུ། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 05-27


སྤྱི་ཟླ་5པའི་ཚེས་24ཉིན་གྱི་སྔ་དྲོར། ཕྱོགས་ཡོངས་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་འགྲེམས་སྟོན་དང་སྐུལ་འདེད་གཏང་ཆེད། དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་གཙོ་སྒྲུབ་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་དངོས་སྒྲུབ་བྱས་ཤིང་། དཀར་མཛེས་ལས་རིགས་སློབ་གླིང་དང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། སི་ཁྲོན་ཞིང་ཆེན་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ། ཁམས་ལྷོ་མཐོ་འབྲིང་གི་འབྲིང་གཉེར་པུའུ་དང་ཁམས་བྱང་མཐོ་འབྲིང་གི་འབྲིང་གཉེར་པུའུ་བཅས་ཀྱིས་རོགས་སྒྲུབ་བྱས་པའི་2024ལོའི་དཀར་མཛེས་ཁུལ་ནུས་རྩལ་སློབ་གསོའི་བྱ་འགུལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སྤེལ།

སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མ་ཧྥེ་བྱེད་སྒོ་ཐོག་ཕེབས་ནས་གསུང་བཤད་གནང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་འཇམ་བློས་ཤིས་ཚིག་ཕུལ། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆུས་མེས་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་། དཀར་མཛེས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཁག་དང་སློབ་གྲྭ་ཁག་གི་འབྲེལ་ཡོད་འགོ་ཁྲིད་བྱེད་སྒོར་བཞུགས་ཡོད།

ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་ནི་ཕྱོགས་ཡོངས་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་འགྲེམས་སྟོན་དང་སྐུལ་འདེད་གཏོང་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་། བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱིས་ལས་རིགས་སློབ་གསོར་ངོས་འཛིན་དང་ཁས་ལེན་བྱེད་ཚད་མཐོ་རུ་གཏང་རྒྱུ་དེ་རེད། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ནུས་རྩལ་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། 

མཛད་སྒོའི་ཐོག་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་དང་སློབ་གྲྭའི་ལོ་རྒྱུས་ཁང་།  སློབ་རའི་རིག་གནས་བཤམས་སྟོན་ཁང་།  བོད་ཡིག་བྲིས་གཟུགས་བཤམས་སྟོན།  ཐང་ཀ་དང་སྐྱ་བྲིས་རི་མོའི་འགྲེམས་སྟོན་སོགས་དགེ་སློབ་གཉིས་ཀྱི་ལས་རིགས་རྩལ་ནུས་དང་གྲུབ་འབྲས་བཤམས་སྟོན་ལ་གཟིགས་མོ་བྱས་པ་དང་། ཕྱི་དྲོའི་ལས་རིམ་དུ་སློབ་གྲྭར་ལྟ་སྐོར་དང་དགེ་སློབ་བར་གྱི་བགྲོ་གླེང་། སློབ་གྲོགས་མཉམ་པར་བླངས།

ཉེ་བའི་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ཕྱོགས་གཅིག་ནས་སྔར་ཡོད་ལས་རིགས་སློབ་གསོའི་སློབ་གཉེར་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་བས། དགའ་འོས་པའི་གྲུབ་འབྲས་ཐོབ།  སློབ་གྲྭའི་མི་རིགས་མཛེས་རྩལ་ཆེད་ལས་དགེ་རྒན་གྱིས་རྩོམ་སྒྲིག་བྱས་པའི་《མི་རིགས་བཟོ་རྩལ་མཛེས་རིས།》ཀྱིས་ལས་རིགས་སློབ་གསོའི་མཛེས་རྩལ་ཆེད་ལས་སློབ་དེབ་མེད་པའི་སྟོང་ཆ་བསྐངས་ཡོད།  བོད་ལུགས་གསོ་རིག་ཆེད་ལས་ལ་རྒྱལ་ཡོངས་ཀྱི་བོད་སྨན་དབྱེ་འབྱེད་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། བོད་སྐད་ཡིག་ཆེད་ལས་ལ་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་ནུས་རྩལ་འགྲན་བསྡུར་ཆེན་མོའི་ཁྲོད་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་ཡོད། ཕྱོགས་གཞན་ཞིག་ནས་སློབ་གྲྭས་ཐབས་བརྒྱ་ཇུས་སྟོང་གིས་ལས་རིགས་སློབ་གསོའི་སློབ་སྒྲུབ་ཆུ་ཚད་གོང་འཕེལ་དུ་གཏོང་ཕྱིར། ལམ་སྲོལ་གསར་གཏོད་བྱས་ནས་ཁེ་ལས་དང་སློབ་གསོ་མཉམ་འབྲེལ་གཏིང་ཟབ་ཏུ་བཏང་སྟེ། དེང་རབས་དགེ་ཕྲུག་ལམ་ལུགས་དང་དགེ་རྒན་གྲགས་ཅན་གྱི་ལས་སྒྲུབ་ཁང་སོགས་འཛུགས་བསྒྲུབས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དང་། གོ་རིམ་ལྡན་པའི་ངང་སློབ་གྲྭའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1