ལྷ་སར་གཟེངས་བསྟོད་ཚོགས་ཆེན་གྲ་རྒྱས་པོ་ཞིག་འཚོགས་སོང་།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-28


སྤྱི་ཟླ་5ཚེས་23ཉིན་ནས་25ཉིན་བར། ཀྲུང་ཧྭའི་བླ་སྲོག་བརྟན་འཛུགས་ཀྱིས་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་ཅེས་པའི་སྐབས་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་ལྷ་སར་སྤེལ་ཡོད། ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་དེ་ནི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ནས་མཉམ་དུ་གཙོ་གཉེར་བྱས་པ་དང་། བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་འགན་གཉེར་བྱས་ཡོད། དུས་ཡུན་ཉིན་གཉིས་ཀྱི་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་། མཐོ་སློབ་བདུན། རྫོང་དང་ཆུས་74  གྲོང་ཚོ་850  སློབ་གྲྭ་འབྲིང་ཆུང་320 ལྗོངས་ཐད་གཏོགས་ལས་ཁུངས་85བཅས་དང་དེ་བཞིན་དགོན་སྡེ་28ཀྱི་ཕུལ་བྱུང་འགྲན་འདེམས་པ་104ཡིས་མཐའ་བསྡུར་དྲག་པོ་བྱས་མཐར་ཁྱོན་བྱ་དགའ་ཨང་དང་པོ་ལྔ་དང་། ཨང་གཉིས་པ་11  བྱ་དགའ་ཨང་གསུམ་པ་18བཅས་ཐོན་ཡོད་པ་རེད།

དུས་ཡུན་ཉིན་གཉིས་ཀྱི་མཐའ་བསྡུར་ནང་། འགྲན་འདེམས་པ་ཚོས་སྤྲོ་སེམས་ཆེ་ཞིང་ལྷག་བསམ་དག་པའི་བརྩེ་བ་ཡི་ཐོག་ནས་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གིས་མེས་རྒྱལ་དང་དབུགས་མཉམ་རྔུབ་དང་། དུས་རབས་དང་གོམ་པ་མཉམ་བགྲོད་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་དུང་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་བོད་ལྗོངས་ལ་གནམ་ས་བླ་འོག་ཏུ་གྱུར་བའི་འགྱུར་ལྡོག་བྱུང་ཚུལ་དང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་དབར་གྱི་འོ་ཆུ་ལྟར་ཟབ་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལྷུག་པོར་བརྗོད་ཡོད།


འགྲན་བསྡུར་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཕུར་སྒྲོན་གྱིས། འགྲན་བསྡུར་སྐབས་དང་པོའི་ཉམས་མྱོང་དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག  སྐབས་འདིའི་འགྲན་བསྡུར་ནང་སློབ་ཆུང་ཚོ་ཆུང་དང་། སློབ་འབྲིང་ཚོ་ཆུང་། གཞོན་ནུའི་ཚོ་ཆུང་། གྲོང་གསེབ་གཞོན་ནུའི་འགྲེམས་སྟོན་ཚོ་ཆུང་། དེ་བཞིན་ཆོས་ལུགས་ལས་རིགས་ཀྱི་འགྲེམས་སྟོན་ཚོ་ཆུང་བཅས་ཚོ་ཆུང་ལྔ་བཀོད་སྒྲིག་བྱས་ཡོད།  སྐུལ་སློབ་བྱེད་པའི་ཐབས་ལམ་ཐད་ལའང། སྤྱི་ཚོགས་ཅན་གྱི་སྐུལ་སློང་ནུས་པ་ཆེ་རུ་གཏོང་ཆེད་སྤྱི་ཚོགས་ཐོག་ནས་འདེམས་སྒྲུག་རྒྱག་པའི་འགྲན་བསྡུར་ཡང་བཀོད་སྒྲིག་བྱས་ཡོད། དེའི་ནང་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཡུལ་དངོས་ཀྱི་འདེམས་སྒྲུག་བྱ་རྒྱུ་གཉིས་ཚུད་ཡོད། དེ་ལྟར་མཐའ་བསྡུར་ནང་ཞུགས་པའི་འགྲན་འདེམས་པ་བདམས་ཏེ་འགྲན་བསྡུར་དེར་སྤྱི་ཚོགས་ནས་ཞུགས་ཚད་དང་དེའི་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་བས་མ་ཚད་ད་དུང་གཞོན་ནུ་ལོ་ཆུང་མང་པོ་ཞིག་ཞུགས་རྒྱུར་ཡིད་འགུག་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད།


གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་གཏམ་བཤད་འགྲན་བསྡུར་ནང་བོད་ལྗོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་5000ལྷག་གིས་རིམ་པ་ཁག་གི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་པ་དང་། འགྲན་བསྡུར་ལ་དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་500ཟིན་པས་མ་ཚད་དོ་ཁུར་བྱེད་མཁན་གྱི་མི་གྲངས་ཁྲི་100ལས་བརྒལ་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1