ཞི་ཅིན་ཕིང་གིས་ལས་ཞུགས་སྐོར་ལ་ནན་སྟོན་གནང་དོན།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-30


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་5ཚེས་27ཉིན་གྱི་ཕྱི་དྲོ་སྤུས་ཚད་མཐོ་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པ་དེ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། སྤུས་ཚད་མཐོ་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ལས་ཞུགས་ལས་དོན་གྱི་ངེས་གནས་གསར་པ་དང་ལས་འགན་གསར་པ་ཞིག་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཐོག ངལ་རྩོལ་པས་རང་བདག་ལས་ཞུགས་དང་། ཁྲོམ་རས་ལས་ཞུགས་ལ་སྙོམས་སྒྲིག་བྱེད་པ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་དང་ལས་གཏོད་ལ་སྐུལ་ལྕག་བཅས་བྱེད་པའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལས་ཞུགས་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་ཚོར་དང་སྐྱིད་ཚོར་བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་འདུག

ཀྲུང་གོའི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན། ཞིབ་འཇུག་པ་མོ་རུང་གིས་གནད་དོན་དེའི་ཐད་འགྲེལ་བཤད་བསྐྱོན་ནས་ལས་ཀའི་གྲོས་འགོ་བཏོན་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ནན་ཏན་ངང་གསན་པ་མ་ཟད་གྲོས་བསྡུར་ཡང་གནང་ཡོད།

ཞི་ཅིན་ཕིང་གིས་གསལ་འགྲེལ་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་དང་ཡང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ལས་ཞུགས་ལས་དོན་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་ཀྱི་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་བཏང་བ། གནོན་ཤུགས་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་རེར་ཆ་སྙོམས་བྱས་ན་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་1300ཟིན་ནས། དམངས་འཚོ་ལེགས་གཏོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། ལག་ལེན་ཁྲོད་དུས་རབས་གསར་པའི་ལས་ཞུགས་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། ཉམས་མྱོང་མང་པོ་བསགས་ཡོད། དེའི་ནང་གཙོ་བོ་ལས་ཞུགས་དེ་དམངས་འཚོའི་རྩ་བར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་མི་ཚོགས་ལས་ཞུགས་ཐུབ་རྒྱུར་དམ་འཛིན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞུང་དྲང་གི་ལས་ཞུགས་ཁོར་ཡུག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཡིན། ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེན་ཡིན་པས། ཡུན་རིང་རྒྱུན་འཁྱོངས་བྱེད་པ་མ་ཟད་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། སྤུས་ཚད་མཐོ་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་པ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ལ་བསམ་བློ་གཏོང་བའི་དམིགས་ཚད་དུ་བརྩིས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཤོང་ཚད་ཆེ་རུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བ་བྱེད་པ་དང་། འཕེལ་རྒྱས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་དེ་བས་མང་བ་གཏོད་གང་ཐུབ་བྱ་དགོས། ལས་ཞུགས་བསྡུ་ལེན་བྱེད་ནུས་ཆེ་བའི་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས། ལས་ཞུགས་བྱེད་ཚད་བརྟན་པོ་དང་རྒྱ་ཆེར་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་རེ་སྒུག་གསར་པར་གཞིགས་ནས། ལས་སྒོ་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལས་རིགས་ཀྱི་གོ་རིམ་གསར་པ་སྔོག་འདོན་དང་གསོ་སྐྱོང་ཧུར་ཐག་བྱེད་པ། ལས་ཞུགས་ཀྱི་འཕར་གཞི་གསར་པ་གསར་སྤེལ་བྱེད་དགོས། སྲིད་ཇུས་གལ་ཆེན་དང་། རྣམ་གྲངས་གལ་ཆེན། ཐོན་སྐྱེད་ནུས་ཤུགས་གལ་ཆེན་བཅས་ཀྱི་བཀོད་སྒྲིག་གིས་ལས་ཞུགས་ལ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་དཔོག་བྱ་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་དང་། དངུལ་ལོར། མ་འཇོག འཛད་སྤྱོད། ཐོན་ལས། ས་ཁོངས་སོགས་ཀྱི་སྲིད་ཇུས་དང་ལས་ཞུགས་སྲིད་ཇུས་མཐུན་སྦྱོར་མཉམ་འགུལ་དང་ཁ་ཕྱོགས་གཅིག་གི་ཕྱོགས་སུ་ཤུགས་རྒྱག་པར་སྐུལ་འདེད་བཏང་ནས། ལས་ཞུགས་མཛའ་མཐུན་ཅན་གྱི་འཕེལ་རྒྱས་གཏོང་སྟངས་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། བྱང་ཚད་མཐོ་བ་དང་། སྤྱི་འབོར་འདང་ངེས། གྲུབ་ཆ་ལེགས་སྒྱུར། ཁྱབ་ཚུལ་ལུགས་མཐུན་བཅས་ཡིན་པའི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་བཏོད་ནས། མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་གཉིས་ཆ་མི་མཚུངས་པའི་གྲུབ་གཞིའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་འདི་ཐག་གཅོད་ཡག་པོ་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དང་འཚམ་པར་བྱས་ཏེ། མི་ཤུགས་ཐོན་ཁུངས་ཀྱི་འཕེལ་ཕྱོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། སློབ་གསོ་དང་གསོ་སྦྱོང་། ལས་ཞུགས་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་བྱེད་པ། མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་ཀྱི་གྲུབ་ཚུལ་བཀོད་སྒྲིག་འགུལ་རྣམ་ཅན་གྱི་ལེགས་སྒྲིག་བྱེད་པ། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མཁོ་སྤྲོད་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། མི་དང་ལས་གནས་ཕན་ཚུན་འཚམ་པ་དང་། མིའི་བཟང་ཆ་བེད་སྤྱོད་བྱེད་པ། མིའི་འཇོན་ཐང་གང་ཡོད་འདོན་ཐུབ་པ་བཅས་བྱས་ཏེ། ལས་ཞུགས་ཀྱི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་གང་ཐུབ་བྱེད་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཡོངས་སུ་ཡང་དག་པའི་ལས་ཞུགས་ལྟ་བ་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ལས་ཀ་འདེམས་པའི་ལྟ་བ་གསར་པར་བརྟེན་ནས་ལས་ཞུགས་ཀྱི་གནམ་ས་གསར་པ་གཏོད་དགོས། ལས་རིགས་ཁ་ཤས་སུ་ལས་མི་དཀོན་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། “ལས་ཀ་ཡོད་ཀྱང་བྱེད་མཁན་མེད་པའི”གནད་དོན་སེལ་བ་ནས་འགོ་བརྩམས་ཏེ། “མི་ཡོད་ཀྱང་ལས་ཀ་མེད་པའི”གནད་དོན་ཐག་གཅོད་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་མི་ཚོགས་ཀྱི་ལས་ཞུགས་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག ཤེས་ཡོན་འདོན་སྤེལ་བྱེད་པར་ཕན་པའི་ལས་ཞུགས་ལས་གནས་སྔར་ལས་མང་བ་བཏོད་དེ། གཞོན་ནུ་རྣམས་ནས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་བཅས་སུ་ལས་ཞུགས་ལས་གཏོད་བྱ་རྒྱུར་བསྔགས་སྐུལ་བྱེད་པ། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཐོག ཕྱི་ཕྱོགས་སུ་ལས་ཞུགས་དང་ས་གནས་དེ་ག་དང་ཉེ་འགྲམ་དུ་ལས་ཞུགས་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། བྱེད་ཐབས་མང་པོ་མཉམ་འདོན་གྱིས་ཞིང་པ་ལས་མིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སུ་བསྐྱོད་པའི་ཤེས་ལྡན་མི་སྣ་ཕ་ཡུལ་དུ་ལོག་རྒྱུ་དང་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་གྲོང་གསེབ་ཏུ་ལས་གཏོད་བྱེད་པར་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས། དབུལ་གྲོལ་མི་འབོར་གྱི་ལས་གཉེར་གཞི་ཁྱོན་དང་ལས་གཉེར་ཡོང་འབབ་བརྟན་པོ་ཡོང་བ་བྱས་ནས། ལས་ཤོར་དབང་གིས་གཞི་ཁྱོན་ཅན་གྱི་དབུལ་ལོག་རྒྱག་རྒྱུ་སྔོན་འགོག་བྱ་དགོས། ལོ་ན་རྒན་པ་དང་། དབང་པོ་སྐྱོན་ཅན། ལས་ཀ་ཤོར་ནས་དུས་ཡུན་ཅུང་རིང་པོ་ཕྱིན་པ་སོགས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་ཡག་པོ་བྱས་ཏེ། ལས་ཞུགས་མེད་པའི་ཁྱིམ་ཚང་འགུལ་རྣམ་གཙང་སེལ་བྱ་རྒྱུ་འགན་ལེན་བྱེད་དགོས། དམག་ཞབས་འཐིམས་པའི་དམག་མི་དང་བུད་མེད་སོགས་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ལས་ཞུགས་སྒྲིག་སྲོལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་གཏོད་ཞབས་ཞུ་ལེགས་སུ་གཏོང་བ། ལས་གཏོད་སྤུས་ཚད་མཐོ་རུ་གཏོང་དགོས། གཅིག་གྱུར་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མ་ལག་འཐུས་ཚང་དུ་བཏང་ནས། དྲང་གཞག་གི་ལས་ཞུགས་ཁོར་ཡུག་བསྐྲུན་ཏེ། མི་ཚང་མར་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རང་ངོས་འཕེལ་རྒྱས་ཡོང་བ་བྱེད་པའི་གོ་སྐབས་ཡོད་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ངལ་རྩོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་གྱི་ཚད་གཞི་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས། ལས་ཞུགས་སྟབས་བསྟུན་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་ཀྱི་གནོད་འཚེ་འགན་སྲུང་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་སྟེ། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་དང་ལམ་ལུགས་ཆགས་པ་བྱེད་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་ལ་མཐོང་ཆུང་དང་། གླ་ཕོགས་ཆད་པ་དང་འགན་སྲུང་ཆད་པ། ཁྲིམས་འགལ་གྱིས་ལས་མི་ཉུང་འཕྲི་བྱེད་པ་སོགས་ཀྱི་ཟང་ཟིང་གི་རྣམ་པ་བཅོས་སྐྱོང་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོའི་ལས་ཞུགས་རིགས་པའི་གཞུང་ལུགས་མ་ལག་མགྱོགས་མྱུར་བཙུགས་ནས། ལས་ཞུགས་ཁྱབ་ཁོངས་ནང་རང་རྒྱལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ནུས་ལྡན་ངང་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1