༄༅།།ཁྲོ་ཐུང་གིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 06-11


   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་ལེན་པ་ཨ་སྔོན་དགུང་ནས་ལེན། །

   དགུང་སྔོ་སངས་མཐའ་ལ་འཇལ་མི་མེད། །

   ངག་འགུགས་པ་གཡུ་འབྲུག་སྐད་ལ་འགུགས། །

   ང་ཁྲོ་རྒྱལ་ངར་དབྱིངས་གནམ་ས་ཁྱབ། །

   ཚིག་འཐུ་བ་ཆུ་ཆེན་སྔོན་མོ་བཅད། །

   ཆབ་མར་འབབ་རྦ་ཀློང་གཞན་ལས་རྩུབ། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཧོར་གླིང་དཀར་ནག་ས་མཚམས་རེད། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   ཤར་རྨ་ཡུལ་སྟོད་ཀྱི་གླིང་དཀར་ན། །

   སྲིབ་ལུང་སུ་རུའི་གདོང་ཟུར་ན། །

   སྐུ་མཁར་སྙིང་རྫོང་ནང་བཅུད་ལ། །

   ང་མ་བཞིའི་དཔོན་པོ་ཁྲོ་ཐུང་ནི། །

   གོས་རྨ་བྱ་གྱོན་པའི་སྐུ་བསོད་ཅན། །

   ཡིན་ཐག་ཆོད་དཔོན་པོ་ཁྲོ་རྒྱལ་ཡིན། །

   ཁྲོ་ཡང་དག་སྡང་བའི་དགྲ་ལ་རེད། །

   རྒྱལ་ཡང་དག་བྱམས་པའི་གཉེན་ལ་རེད། །

   སྲིན་རྟ་མགྱོགས་པའི་གོང་གནོན་ཡིན། །

   སྲིན་གྲི་འབར་བའི་རྩེ་ཡ་ཡིན། །

   ད་ཉོན་དང་གླིང་དཀར་རྗེ་བློན་རྣམས། །

   སྒང་པ་བོད་ཀྱི་གཞུང་ཤིང་ལ། །

   བྱ་ཆེན་ཁུ་བྱུག་གསུང་སྙན་ལ། །

   དཔྱིད་ཉི་རིང་སྐྱོ་བ་སློང་མི་ཟེར། །

   གཡུ་འབྲུག་སྔོན་མོའི་རྒྱང་གྲགས་ལ། །

   ཐེའུ་རང་གི་ཐོག་ལྕེ་ཁྲིད་མི་ཟེར། །

   ཅོག་ཆུང་ཁྲ་མོའི་དྲུག་འགྱུར་ལ། །

   སྒང་པའི་མཚན་གཉིད་དཀྲོག་མཁན་ཟེར། །

   མ་བཞིའི་དཔོན་པོ་ཁྲོ་རྒྱལ་ལ། །

   ཕྱི་དགྲ་ནང་ལ་ཁྲིད་མཁན་ཟེར། །

   གཏམ་ཕུགས་མེད་སྨྲ་བ་སླ་མོ་ཡོད། །

   དོན་ཡང་དག་ལག་ཏུ་ལེན་པ་དཀའ། །

   ད་སྔ་ཉི་མའི་ཕན་ཆད་ལ། །

   ང་ཁྲོ་ལུ་དམར་ཡག་འཛུམ་དྲུག་འདི། །

   སྡར་ཆུང་ཝ་མོའི་གྲལ་ལ་བཞག །

   མགྱོགས་པ་ཐང་དཀར་རྔ་ནག་འདི། །

   བྱ་ནག་ཁྭ་ཏའི་གྲལ་ལ་བཞག །

   ཟངས་ལྟོང་མདའ་མོ་དྲུག་ཅུ་འདི། །

   རྒན་མོའི་འཕང་ཤིང་གྲལ་ལ་བཞག །

   རྒོད་ཡང་དག་སྙིང་གི་རྟིང་མ་འདི། །

   ཕྱི་སྣེ་ནང་ཁྲིད་གྲལ་ལ་བཞག །

   འོན་ཀྱང་གཞེས་ནིང་དཔྱིད་ཀ་ནས། །

   འབྲུག་མོའི་གླུ་ལ་འདི་འདྲ་བྱུང་། །

   ཕར་འགྲོ་དམག་ལ་བཙུན་གསུམ་ཡོད། །

   ཕོ་རྒོད་པོ་མི་བཙུན་འཕྱོར་པོ་བཙུན། །

   དེ་བདེན་ངེས་རྒྱ་ཚ་ཞལ་དཀར་རེད། །

   རྟ་མགྱོགས་པ་མི་བཙུན་འགྲོས་མ་བཙུན། །

   དེ་བདེན་ངེས་རྒྱ་བྱ་སོག་དཀར་རེད། །

   གྲི་རྣོན་པོ་མི་བཙུན་ཤུབས་ཁྲ་བཙུན། །

   དེ་བདེན་པ་ཡ་ཟི་སྐར་ཕྲན་རེད། །

   ཚུར་འོང་དམག་གི་བཙུན་གསུམ་ལ། །

   ཕོ་འཕྱོར་པོ་མི་བཙུན་རྒོད་པོ་བཙུན། །

   རྒོད་ཡང་དག་མ་བཞིའི་ཁྲོ་ཐུང་རེད། །

   རྟ་འགྲོས་མ་མི་བཙུན་མགྱོགས་པ་བཙུན། །

   མགྱོགས་ཐག་ཆོད་འཕར་བ་རྔ་ནག་རེད།

   མཚོན་ཤུབས་ཁྲ་མི་བཙུན་རྣོན་པོ་བཙུན། །

   རྣོ་ཐག་ཆོད་སྲིན་གྲི་སོ་ངར་རེད། །

   ངས་དེ་རིང་ཉི་མའི་གདོང་གང་ལ། །

   བསད་བསད་མཐེ་བོང་གཡས་པ་རྣམས། །

   གཞུ་ཤུབས་བཀང་ནས་ཁྱེར་ཞིང་ཡོད། །

   ཁོ་གེ་སར་བྱུང་ན་སྟོན་རྒྱུ་ཡིན། །

   སྒ་སྡེ་ཆོས་སྐྱོང་བེར་ནག་ཅན། །

   ངོམ་རྒྱུ་ངོ་གསར་མོ་འདྲ་གཉིས། །

   དེ་མིན་གླིང་གི་དཔོན་བློན་ལ། །

   དཔའ་རྟགས་ལག་མཚན་ག་ན་ཡོད། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   ཡུ་བ་འཆང་རྒྱུ་མ་བྱུང་ན། །

   རྩ་བ་བཟུང་ཟེར་སྟོང་གཏམ་ཡིན། །

   གང་བྱས་སྟོན་རྒྱུ་མ་བྱུང་ན། །

   ཕོ་དེ་བྱས་ཟེར་བ་སྟོང་གཏམ་ཡིན། །

   ང་རྒོད་པོས་རྟིང་མ་དེ་ཙམ་རེད། །

   རྒྱ་ཚའི་ལག་རྗེས་ག་ན་ཡོད། །

   དར་འཕེན་ལག་རྗེས་ཅི་ལ་བྱེད། །

   ལྷ་དར་དཔའ་མཚན་གང་གིས་བྱེད། །

   འདན་མའི་མདའ་རྒོད་ག་ལ་འཕངས། །

   སེང་སྟག་ལེབ་ཆེན་ག་ལ་གཡུགས། །

   མདུང་ནག་པོའི་སྡིག་ཞབས་ག་ལ་སོང་། །

   གླིང་དཀར་ཕོ་གསར་ནང་ཤེད་ན། །

   ཚ་བོ་སྣང་ཆུང་གཡུ་སྟག་གཅིག །

   དམར་ལེབ་ག་ཡུ་ཁ་འཐམ་གཉིས། །

   ཨ་ཕོའི་ཉ་ཚ་འདས་པོ་གསུམ། །

   རྒོད་པོའི་གྲུབ་རྟགས་བཞག་ཙམ་ཡིན། །

   རྒོད་མཐའ་རླུང་ལ་བསྐུར་བ་ཡིན། །

   དེ་མིན་པ་ཁྲ་བོས་སྤྱང་འཐབ་རེད། །

   གླིང་དཀར་སྟོད་ན་ཁ་ཕོ་ཆེ། །

   གཡག་ལ་འགྲིམ་དུས་རི་རྩེ་བཟུང་། །

   དཔུང་ཡ་གཏུག་དུས་གོ་མཚོན་ཕུད། །

   ཅི་རེ་གླིང་གི་ཝ་མོ་རྣམས། །

   ལ་གཞི་ཕོ་གསར་ངར་རྒོད་འདི། །

   ཉིན་སྔ་དྲོ་ཡོད་ཀྱང་ཕྱི་དྲོ་མེད། །

   ད་ལོ་ཡོད་ཀྱང་དོ་ཞག་མེད། །

   ལ་ཆེན་རྟ་གསར་བང་ཁ་འདི། །

   སྔ་ཉིན་ཡོད་ཀྱང་ཕྱི་ཉིན་མེད། །

   དབྱར་ཁ་ཡོད་ཀྱང་དགུན་ཁ་མེད། །

   དཔེ་དེ་དང་དོན་གཉིས་ཁྲིགས་སེ་རེད། །

   རྒས་སྐྲ་ལོ་དཀར་པོས་དེ་བྱས་དེ། །

   ད་ནངས་ཞན་ཀྱང་དོ་ནུབ་རྒོད། །

   ད་ལོ་མི་མངོན་ཕྱི་ལོ་འབྱེད། །

   སོ་ལམ་བྱང་མའི་འདོ་བ་དེ། །

   སྔ་དྲོ་མི་བུལ་ཕྱི་དྲོ་མགྱོགས། །

   དབྱར་ཁ་མི་བཟང་དགུན་ཁ་འབྱེད། །

   དཔེ་དེ་དང་དོན་གཉིས་ཨེ་མཚུངས་དོ། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   གླིང་རྗེ་བློན་ཐུགས་ལ་དེ་འདྲ་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1