ཡར་ཀླུང་གཙང་པོ་རྒྱུག་ཁུལ་ནི་བོད་མིའི་རིག་གནས་ཀྱི་འབྱུང་ཁུངས་ཡིན་ཞིང་། དམིགས་བསལ་གྱི་གནམ་གཤིས་དང་དམངས་སྲོལ་རིག་གནས་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སྣ་མང་ཕུན་སུམ་ཚོགས་པའི་བཟའ་བཏུང་གི་རིག་གནས་ཤིག་གྲུབ་ཡོད།
སྔ་མོའི་ཕོ་བྲང་གི་གསོལ་སྟོན་ནས་དེང་སྐབས་མི་སེར་གྱི་གསོལ་ལྕོག་བར། མར་དང་རྩམ་པ་དང་དེ་བཞིན་ཚགས་ཤ་དང་ལུག་ཤ་གཙོ་བོར་བྱས་པའི་སྲོལ་རྒྱུན་གྱི་བོད་ཟས་དུས་བསྟུན་འཕེལ་རྒྱས་ཕྱིན་ནས་སྣ་ཁ་གསར་པ་ཡང་མང་དུ་ཕྱིན་ཏེ་བོད་ལུགས་རྒྱ་ཁོག་དང་། རྩམ་པའི་ཕི་ས་བག་ལེབ། ཤ་བཀྲག་སོགས་ལ་བོད་རིགས་ཙམ་མ་ཟད། ཡུལ་སྐོར་བ་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
བོད་ཟས་ཕལ་ཆེ་བ་ཞག་ཚི་ཉུང་ཞིང་འཇུ་བདེ་པོ་ཡོད། སྲོལ་རྒྱུན་བོད་ཟས་བཟོ་སྟངས་ཧ་ཅང་སྟབས་བདེ་ཡང་རྒྱུ་ཆར་དང་དོད་ཤིན་ཏུ་ཆེ།
བོད་ཀྱི་དམིགས་བསལ་གྱི་ས་བབ་དང་དེ་བཞིན་མཐའ་འཁོར་གྱི་ས་ཁུལ་མི་འདྲ་བའི་ཤུགས་རྐྱེན་འོག བོད་ཀྱི་ས་གནས་ཁག་གི་བཟའ་བཏུང་རིག་གནས་ཀྱང་འདྲ་གི་མེད།
བོད་བྱང་ཐང་གི་གཡོས་སྦྱོར་བྱེད་སྟངས་ནི། ས་བབ་མཐོ་ལ་གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་བཟའ་བཏུང་ཡིན་ཞིང་། ས་མཐོའི་འབྲོག་ཁུལ་གྱི་ཟས་ཀྱི་ཁྱད་ཆོས་ནི་རྒྱུ་ཆ་ལྷད་མེད་ལ་དང་དོད་ཆེ་བ་མ་ཟད། ཚྭ་ཁ་དམའ་བ་དང་། སོས་པ། སྐྱུར་བ། བྲོ་བ་ཞིམ་པ་བཅས་གཙོ་བོར་བཟུང་གི་ཡོད་པ་དེར་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ཁུལ་གྱི་གནམ་གཤིས་ལ་འཕྲོད་པའི་ཁྱད་ཆོས་ཡོད། གཙོ་བོ་ཕྱུར་བ་དང་། ནོར་གྱི་སུག་ཏི། ཞོ། མར་སོགས་ཡོད། ཁྱད་ལྡན་རྒྱུ་ཆར་ཚགས་ཤ་དང་། ལུག་ཤ། ས་མཐོའི་སེར་ཤ། གངས་ལྷ་མེ་ཏོག དབྱར་རྩྭ་དགུན་འབུ་སོགས་ཡོད། གཡོས་སྦྱོར་བྱེད་སྟངས་ལ་ཚགས་ཤ་རྡོག་བཙོས་དང་། ལུག་ཤ་རྡོག་བཙོས། སྤུ་ཧྲེང་གི་སུག་ཏི། རྒྱུ་མ་སོགས་ཡོད།
བོད་ཤར་རྒྱུད་ཀྱི་གཡོས་སྦྱོར་བྱེད་སྟངས་ནི། ས་བབ་དམའ་བའི་བོད་ཤར་ལྷོའི་ཁུལ་གྱི་བཟའ་བཏུང་ཡིན་ཞིང་། དེའི་རྒྱུ་ཆ་མང་ཆེ་བ་ནགས་ཁྲོད་ཀྱི་རི་སྐྱེས་ཤ་མོ་བཏུས་ནས་གཙོ་བོར་བྱེད་པ་དང་། གཡོས་སྦྱོར་བྱེད་སྐབས་བྲོ་བ་རང་སོར་འཇོག་པར་དང་དོད་ཆེ། བྲོ་བ་ཞིམ་ལ་སོས་པ་ཡིན་པ་དང་། མངར་སིལ་ལྡན་པ། རོ་བཅུད་ཆེན་པོ་ཡོད་ཅིང་། ལྷག་པར་དུ་བོད་ཕག་བསྲེག་མའི་རོ་བཅུད་ནི་སྨྲ་བརྗོད་ལས་འདས། གཡོས་སྦྱོར་བྱེད་སྟངས་དེའི་ཁྱད་ལྡན་རྒྱུ་ཆར་བོད་ཕག་གི་ཤ་དང་། བེ་ཤ མོག་རོ། ཇ་ལོ་སོགས་ཡོད་པ་དང་བོད་ཕག་བསྲེག་མ་ནི་མཚོན་བྱེད་ལྟ་བུ་རེད།
བོད་ལྷོ་རྒྱུད་ཀྱི་གཡོས་སྦྱོར་བྱེད་སྟངས་ནི། ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ཀྱི་བཟའ་བཏུང་ཡིན་ཞིང་། གཙོ་བོ་ཞིང་ཁུལ་དང་ས་མ་འབྲོག་ཁུལ་གྱི་བྲོ་བ་ཡིན། རྒྱུ་ཆའི་ངོས་ནས་བརྗོད་ན། ཁྱབ་ཁོངས་མང་བ་དང་དཀར་ཆུའི་རིགས་དང་ནོར་ལུག་གི་ཤ་ཕུད། ད་དུང་ཞིང་ལས་སྐྱེ་དངོས་སྣ་ཚོགས་ཀྱང་ཡོད་པས། དཀར་ཟས་དང་དམར་ཟས་སྦྱོར་སྡེབ་ཀྱི་སྣ་ཁ་ཅུང་མང་། རྡོག་བཙོས་དང་། རླངས་བཙོས། བསྲེག་མ་སོགས་བཟོ་སྟངས་ཀྱང་མང་པོ་ཡོད། བོད་ལྷོ་རྒྱུད་ཀྱི་གཡོས་སྦྱོར་བྱེད་སྟངས་ཀྱི་ཁྱད་ལྡན་རྒྱུ་ཆར་ནས་དང་། བྲ་བོ། ཞོག་ཁོག སྲན་མ། བོད་བྱ། བོད་བྱའི་སྒོ་ང་སོགས་ཡོད་པ་དང་། མཚོན་བྱེད་དུ་མར་ཟན་དང་། བྲ་བོའི་བག་ལེབ། བང་ཕིག ཕིང་སོགས་མང་པོ་ཡོད།
བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲུའུ་ལི་ཆུན་གྱིས། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་སྐུལ་འདེད་འོག་དང་། ལྷག་པར་དུ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་བོད་ཟས་ལས་རིགས་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་ཏེ་བོད་ཟས་རིག་གནས་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ཅེས་བཤད།
ད་ཆ་བོད་དུ་བོད་ཟས་ཀྱི་རྒྱུ་ཆ་གསར་པ་ཟམ་མི་ཆད་པར་མང་དུ་སོང་བ་དང་བསྟུན་ནས་གཡོས་སྦྱོར་ལག་རྩལ་ཡང་སྤེལ་རེས་ཁྲོད་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད་ལ། ད་དུང་བོད་ཟས་གཡོས་སྦྱོར་གྱི་ཆེད་ལས་དེབ་ཀྱང་ཐོན་ཡོད། ལྷ་ས་གསོལ་མགྲོན་ཁང་གི་མ་བྱན་ཆེ་མོ་ཚེ་རིང་ཆོས་འཕེལ་གྱིས་བརྩམས་པའི《ལྷ་ས་ཁུལ་གྱི་བོད་ཟས་ཚལ་ཐོ》དང《བོད་ཟས་ཀྱི་ཚལ་ཐོ》དང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི《བོད་ཀྱི་ཉེར་མཁོའི་ཟས་རིགས་ཚིག་མཛོད》སོགས་ཀྱི་དེབ་ཐོན་པ་ལས་བོད་ཀྱི་གཡོས་སྦྱོར་ལས་རིགས་ལ་རིམ་གྱིས་རྣམ་པ་གསར་པ་མངོན་བཞིན་མཆིས།
ཁྲུའུ་ལི་ཆུན་གྱིས“ད་ཆ་བོད་ཟས་རིག་གནས་ལ་སྣ་མང་ཅན་གྱི་འཕེལ་ཕྱོགས་གསར་པ་མངོན་བཞིན་ཡོད། དེང་སྐབས་ཀྱི་བོད་ཟས་ནི་སྲོལ་རྒྱུན་གྱི་རྒྱུ་ཆ་སྟབས་བདེ་ནས་རོ་བཅུད་དང་། ཁ་མདོག སྣ་ཁ་སོགས་ལ་དང་དོད་བྱེད་པའི་ལྗང་མདོག་བཟའ་བཏུང་རིག་གནས་ཤིག་ཏུ་འཕེལ་རྒྱས་བྱུང་ཡོད། དེ་དང་ཆབས་ཅིག་བོད་ཟས་སྣ་མང་ཅན་དུ་འགྱུར་བཞིན་ཡོད་ཅིང་། ནང་སའི་བཟའ་བཏུང་དང་ནུབ་ཕྱོགས་བཟའ་བཏུང་གི་རྒྱུ་ཆ་མང་པོ་མཉམ་དུ་འདུས་ནས་དེང་རབས་བོད་ཟས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད”ཅེས་བཤད།
“སི་ཁྲོན་གྱི་རྒྱ་ཁོག་བཟའ་མྱོང་། བོད་རིགས་རྒྱ་ཁོག་གི་བྲོ་བ་ཞིམ་པོ་འདི་འདྲ་ཡོད་པ་རྦད་དེ་བསམ་ཡུལ་ལས་འདས་སོང”ཞེས་ནང་སའི་ཡུལ་སྐོར་བ་ཏེང་ལིན་གྱིས་བྲོ་བ་ཞིམ་པའི་བོད་ལུགས་རྒྱ་ཁོག་ཟ་བཞིན་དུ་དེ་ལྟར་བཤད། བོད་ལུགས་རྒྱ་ཁོག་གི་རྒྱུ་ཆ་གཙོ་བོ་ནི་ཚགས་ཤ་དང་། བོད་ཕག་གི་ཤ བེ་ཤ དབྱར་རྩྭ་དགུན་འབུ་སོགས་ཡིན་པ་དང་བཟོ་སྟངས་ཐད་སི་ཁྲོན་གྱི་རྒྱ་ཁོག་དང་འདྲ་པོ་ཡོད།
“ད་ཆ་སྲོལ་རྒྱུན་གྱི་བོད་ཟས་ཕུད། ནང་སའི་ཚལ་དང་ནུབ་ཕྱོགས་ཀྱི་བཟའ་བཏུང་ལ་དཔེ་བལྟས་ནས་ལེགས་བཅོས་བྱས་པའི་བོད་རིགས་ཚལ་གྱི་སྣ་ཁ་གསར་པ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན། ཕྱི་ནས་ཡོང་བའི་འགྲུལ་རྒྱུན་ལས་བོད་ཀྱི་ཡུལ་སྐོར་དང་། བཟའ་བཏུང་། གསོལ་མགྲོན་ཁང་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད”ཅེས་ཁྲུའུ་ལི་ཆུན་གྱིས་བཤད།
བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བོད་ཟས་ལ་ཀྲུང་གོའི་ས་ཆ་མང་པོར་དགའ་བསུ་ཐོབ་བཞིན་ཡོད། སྐད་གྲགས་ཆེ་བའི་མ་སྐྱེས་ཨ་མའི་བོད་ཟས་ཁང་གི་ཡན་ལག་ཟ་ཁང་པེ་ཅིང་དང་། ཧྲང་ཧའེ། ཁུན་མིང་སོགས་སུ་བཙུགས་ཡོད། བོད་ཟས་ཀྱིས་མི་རྣམས་ལ་རོ་བཅུད་ལྡན་པའི་བྲོ་བ་སྦྱིན་པ་ཙམ་མ་ཟད། ད་དུང་མི་རྣམས་ཀྱིས་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་བཟའ་བཏུང་གི་རིག་གནས་ཀྱང་ཉམས་སུ་མྱོང་ཐུབ།