ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ནན་བསྟན་གནང་དོན།

ཡིག་སྒྱུར། གཡུ་སྒྲོན། མཚམས་གཅོད། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 06-21


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་གནས་བབ་ཧྲིལ་པོའི་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་གནས་བབ་ལ་དམ་འཛིན་ནན་པོ་བྱེད་པ། རང་ངོས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད། བསྒྱུར་བཅོས་གཏིང་ཟབ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། འབྱུང་ཁམས་སྔོན་འགྲོར་བརྩི་བ་དང་སྦགས་མེད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།  མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་མཐའ་འཁྱོངས་བཅས་བྱས་ནས། མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་བྱས་ཐོག  ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།

སྤྱི་ཟླ་6ཚེས་18ཉིན་ནས་ཚེས་19ཉིན་བར། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་དང་ཞིང་ཆེན་གྱི་འགོ་འཛིན་ཝུའུ་ཞའོ་ཅུན་གྱིས་ཕེབས་རོགས་འོག ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་བརྟག་ཞིབ་གནང་བ་རེད།

སྤྱི་ཚེས་18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ལ་རྟོག་ཞིབ་གནང་བར་ཕེབས་ཡོད། སློབ་འབྲིང་དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་ཡིན་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་བསྐྲུན་རོགས་བྱས་པ་ཞིག་ཡིན། ཞི་ཅིན་ཕིང་གིས་ཧྲང་ཧའེ་སོགས་ཤར་རྒྱུད་ས་ཁུལ་གྱིས་མཚོ་སྔོན་གྱི་སློབ་གསོའི་ལས་དོན་དང་སློབ་གྲྭ་སྐྲུན་རོགས་བྱས་ཚུལ་ཐད་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་གནང་བ་དང་། སློབ་མའི་གྲུབ་གཞི་དང་། སློབ་ཚན་བཀོད་སྒྲིག ལུས་རྩལ་སྦྱོང་བརྡར། སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་སོགས་ཀྱི་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཟ་ཁང་དང་ཉལ་ཁང་དུ་ཕེབས་ཏེ་སློབ་མའི་ཟ་མ་དང་ཞག་སྡོད་ཆ་རྐྱེན་ལ་གཟིགས་ཞིབ་གནང་བ། ཟ་ཁང་གི་ལས་དོན་མི་སྣར་ངེས་པར་དུ་སློབ་མའི་བཟའ་བཏུང་བདེ་འཇགས་དང་འཚོ་བཅུད་དང་བྲོ་བ་སོགས་ལ་འགན་ལེན་བྱེད་དགོས་པའི་བཀའ་མངགས་གནང་ཡོད། དེ་རྗེས་ཁོང་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་དང་པོའི་སློབ་ཁང་དུ་ཕེབས་ནས“དུས་རབས་གསར་པ་དང་ཕ་ཡུལ་གསར་པའི”བརྗོད་དོན་གཙོ་བོའི་བསམ་བློ་ཆབ་སྲིད་སློབ་ཚན་ལ་གསན་གཟིགས་གནང་བ་རེད། སློབ་གྲྭས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནང་དོན་རྒྱུན་གཏན་སློབ་ཁྲིད་ནང་བཅུག་པ་མཁྱེན་རྟོགས་བྱུང་བ་དང་། ཕྲུ་གུ་ཚོས་དུས་རབས་གསར་པའི་ཕ་ཡུལ་གྱི་དགའ་འོས་པའི་འགྱུར་ལྡོག་བརྗོད་པར་གསན་པ། ཕྲུ་གུ་ཚོའི་རི་མོའི་བརྩམས་ཆོས་ལ་གཟིགས་པ་བཅས་གནང་རྗེས་ཁོང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས། སློབ་གསོ་ཚུད་པའི་ཤར་ནུབ་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་གང་ལེགས་མངོན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་གང་ལེགས་མཚོན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གཙོ་གནད་ཅིག་ཏུ་བརྩིས་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། དུས་རབས་གསར་པར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གཏམ་རྒྱུད་ཡག་པོ་བརྗོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆུང་དུས་ནས་ཕྲུ་གུ་ཚོའི་སེམས་ལ་ཟུག་ཐུག་པ་བྱ་དགོས་ཞེས་གསུངས་གནང་ཡོད།

སློབ་ཁྲིད་ཐོག་ཁང་མདུན་གྱི་ཐང་ཆེན་ཐོག དགེ་སློབ་ཚོ་གཅིག་རྗེས་གཉིས་མཐུད་ངང་རུབ་ཡོང་སྟེ། སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར། ང་ཟི་ལིང་ལ་སླེབས་རྗེས་དང་ཐོག་མར་དགེ་རྒན་དང་སློབ་གྲོགས་ཚོར་བལྟ་རུ་ཡོང་བ་ཡིན། ཧྲང་ཧའེ་ཡིས་བསྐྲུན་རོགས་བྱས་པའི་སློབ་འབྲིང་འདིས་མགོ་ལོག་འབྲོག་ཁུལ་ནས་ཡོང་བའི་མི་རིགས་ཁག་གི་ཕྲུ་གུ་གསོ་སྐྱོང་བྱས་ཤིང་། ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ལ་དོན་སྙིང་ཟབ་མོ་ལྡན་ཡོད། རེ་བར་ཕྲུ་གུ་ཚོས་འདི་གའི་ཆ་རྐྱེན་བཟང་པོར་གཅེས་སྤྲས་སྔར་ལས་ཆེ་བ་བྱས་ཐོག དྲིན་ཚོར་གྱི་བསམ་པའི་ཐོག་ནས་སློབ་སྦྱོང་ཡག་པོ་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྒྱུན་འཛིན་པ་དང་འཛུགས་སྐྲུན་བྱེད་མཁན་དུ་འགྱུར་བ་བྱ་རྒྱུའི་ཆོད་སེམས་བཅངས་ཏེ། རང་ཉིད་ཀྱི་མི་ཚེ་མཚར་སྡུག་རྣམ་པར་བཀྲ་བ་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་གསུངས་གནང་ཡོད། ཁོང་གིས་ཕྲུ་གུ་ཚོར་སྦྱངས་འབྲས་ལེགས་པོ་ཐོབ་པ་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། 

དེ་རྗེས། ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་དུ་གནས་པའི་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དུ་ཕེབས་ཡོད། དགོན་པའི་མདུན་གྱི་ཁྱམས་རའི་ནང་ཙོང་ཁ་དགོན་གྱི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་ཕུལ་ཞིང་། དགེ་འདུན་པས་རིན་ཆེན་གདུགས་འཛིན་པ་དང་རིན་རྒྱན་སྤོས་འཛིན་པའི་སྤྱན་འདྲེན་འོག་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་བསུ་ཞུས་ཡོད། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་འགྲེམས་སྟོན་སོགས་ལ་གཟིགས་སྐོར་གནང་བ་དང་། དགོན་སྡེའི་ལོ་རྒྱུས་འཕེལ་རིམ་དང་གསར་བརྗེ་མཁས་ཅན་རྒན་རབས་པས་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་སྐུལ་འདེད་བཏང་བའི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་ཚོམས་ཆེན་དུ་ཕེབས་ཏེ་དགོན་སྡེའི་རྒྱུན་གཏན་དོ་དམ་ལ་ཤུགས་སྣོན་རྒྱག་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ལུགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་གནང་བ་རེད། ཞི་ཅིན་ཕིང་གིས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་གིས་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་དང་བོད་བརྒྱུད་ནང་བསྟན་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་འབྲེལ་ཐག་གི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་རྩ་ཆེན་འདི་སྲུང་སྐྱོང་ཡག་པོ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། གསར་བརྗེ་པ་རྒན་རབས་པ་རྣམས་ལ་སློབ་སྦྱོང་ཞུས་ནས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་། མི་རིགས་ལས་དོན། ཆོས་ལུགས་ལས་དོན་བཅས་སྔར་ལས་ཡག་པ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར། རྒྱ་ཆེའི་ཆོས་དད་མང་ཚོགས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས། མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་བཏང་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད། 

སྤྱི་ཚེས་19ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། མཚོ་སྔོན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཡོད།

ཞི་ཅིན་ཕིང་གིས། མཚོ་སྔོན་གྱིས་འབྱུང་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་འཁུར་བཞིན་ཡོད་པས། ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གནད་ཆེ་དམ་འཛིན་དང་གནད་ མེད་ཟུར་འཇོག་མཐའ་འཁྱོངས་བྱས་ནས། ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ནུས་ལྡན་བྱས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། རྒྱལ་སྤྱིའི་འབྱུང་ཁམས་ཡུལ་སྐོར་གྱི་དམིགས་ས། སྦགས་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བཅས་གཏོད་དགོས། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར་ཕྱོགས་གཉིས་ཀར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལག་རྩལ་གསར་པ་རྒྱ་ཁྱབ་ངང་བེད་སྤྱོད་དང་། ཡུལ་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་རིམ་སྤོར་བྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་བྱེད་དགོས། སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ་སོགས་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་བཅས་བྱས་ནས། ལྗང་མདོག་དར་གོས་ལམ་བུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ནང་ཁུལ་གྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཐོག ཟི་ལིང་དང་། མཚོ་ཤར། མཚོ་ནུབ་བཅས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མཚོ་བོད་ས་མཐོའི་འབྱུང་ཁམས་མ་ལག་སྣ་མང་ཕུན་སུམ་ཚོགས་ལ་ཧ་ཅང་ཉམས་ཞན་ཡང་ཡིན་པས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འབྱུང་ཁམས་ཀྱི་ནུས་པ་ཆེ་ཤོས་འདོན་སྤེལ་ཐུབ་པ་བྱ་རྒྱུ་ནི་ས་ཁོངས་འདིའི་ལས་འགན་གཙོ་བོ་ཞིག་རེད། འབྱུང་ཁམས་སྔོན་ལ་འཇོག་རྒྱུ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱེད་པ། གཙོ་གཟུགས་བྱེད་ནུས་ཁུལ་གྱི་འཆར་འགོད་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། མཚོ་བོད་ས་མཐོ་དེ་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འབྱུང་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་མགྱོགས་སུ་བཏང་སྟེ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་བརྟན་དུ་དང་ཆེ་རུ་གཏོང་དགོས། གལ་ཆེའི་ནང་གི་འགངས་ཆེན་ནི་གཙང་གསུམ་ཆུ་འགོའི་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་དེ་སྲུང་སྐྱོང་ཡག་པོ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཆུ་འགོ་གསོ་འཁྱོངས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་དཔེ་མཚོན་གཏོད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་རྒྱུ་ཉུང་དུ་གཏོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འབྱུང་ཁམས་ལ་གནོད་པ་མེད་པའི་ཐོན་ལས་འཕེལ་རྒྱས་གཏོང་བ། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྱོང་མགྱོགས་མྱུར་བྱེད་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་རང་ནུས་གང་ལྕོགས་ཀྱིས་སྒྲུབ་པ། དམངས་འདོད་དང་མཐུན་པ་དང་དམངས་འཚོར་ཕན་འདོགས་པ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་བསྒྲུབས་ནས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱས་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་འགྲུབ་ཐུབ་པའི་རང་བཞིན་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བར་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱ་རྒྱུའི་གཙོ་གནད་འདི་མངོན་གསལ་དོད་དུ་བཏང་ནས། ས་མཐོའི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྦགས་མེད་སྐྱེ་ལྡན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ས་མཐོའི་ཡུལ་ཟོག་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པ་བཅས་བྱེད་དགོས། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་དགོས། དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་ལྡན་པའི་དབུལ་ལོག་མི་ཐེབས་པའི་འགན་ལེན་བྱེད་དགོས། ཅི་ཧྲི་ཧྲན་གྱི་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་ཀ་མུ་མཐུད་ཡག་པོ་སྒྲུབ་པ་དང་། གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མཚོ་སྔོན་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ཆེ་བའི་ཞིང་ཆེན་ཞིག་ཡིན་པས། མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་ཇུས་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་ཐིག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་དང་། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་ཞུགས་དང་རྒྱ་ཁྱབ་ངང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་དང་ལྷག་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད་པས། དངོས་འཛིན་དངོས་སྦྱོང་དང་འགོ་མཇུག་ཡོད་པ་བྱས་ནས། སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ་བཅས་ལ་བརྟེན་ནས་སྒྲིག་ཁྲིམས་ལ་བརྩི་བ་དང་། སྒྲིག་ཁྲིམས་སྲུང་བ། སྒྲིག་ཁྲིམས་ལག་བསྟར་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་འཛིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་ས་མཐོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགན་འཁྲི་འཁུར་བར་སྐུལ་མ་གཏོང་དགོས། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་འཛིན་དང་། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་གཏོང་། རུལ་སུངས་ལ་ངོ་རྒོལ་བཅས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱ་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་འཐུས་ཚང་དུ་བཏང་ནས། སྤྱོད་གཙང་སྲིང་གཙང་གི་ཆབ་སྲིད་འབྱུང་ཁམས་ལ་བརྟེན་ནས་སྲོལ་བཟང་གིས་ཕྱུག་པའི་སྤྱི་ཚོགས་འབྱུང་ཁམས་ཆགས་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་བསྟན་གནང་ཡོད།

ལི་ཀན་ཅེ་དང་ཧོ་ལི་ཧྥེང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1