སྤྱི་ལོ་༢༠༠༤ལོར་རྒྱལ་ཁབ་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བཞིན་འདན་མ་དྲན་གསོ་ཁང་འདི་ཉིད་བཞེངས་བའི་མགོ་བཙུགས་ཤིང་། ༢༠༠༦ལོར་དྲན་གསོ་ཁང་འདིའི་རིག་དངོས་གཙོ་གྲས་རྣམས་ལེགས་པར་གྲུབ། དེ་ལ་གནའ་རྫས་བཤམས་སྟོན་ཁང་། ཐང་གའི་སྒྱུ་རྩལ་འགྲེམ་སྟོན་ཁང་། དམངས་ཁྲོད་རིག་དངོས་འགྲེམ་སྟོན་ཁང་། དཔེ་མཛོད་ཁང་། རིག་གནས་གསོ་སྦྱོང་ཁང་། ལོ་རྒྱུས་མི་སྣའི་བཤམས་སྟོན་ཁང་། ཁྱད་པར་ཚ་ཞང་འདན་མ་བྱང་ཁྲའི་ཐང་སྐུ་དང་འདྲ་སྐུ་མཐོང་གྲོལ་ཆེན་མོ་སོགས་ཡུལ་སྐོར་བའི་སྤྱན་ལམ་དུ་འགྲེམས་སྟོན་བྱེད་བཞིན་ཡོད། རིག་དངོས་འདི་དག་ལས་གནའ་རྫས་ཀྱི་རིགས་རྣམས་རྟོག་ཞིབ་པས་དཔྱད་འབྲས་ལྟར་ན་ཐང་རྒྱལ་རབས་དང་སུང་རྒྱལ་རབས་སྐབས་སུ་ཐོན་པའི་གནའ་རྫས་སུ་ར་སྤྲོདབྱས་་ཡོད། ༡ ༽ འདན་མའི་འདྲ་སྐུ་མཐོང་གྲོལ་ཆེན་མོ།
ཚ་ཞང་འདན་མ་བྱང་ཁྲའི་ཐང་ག་དང་ཞལ་འབག་ཁྱད་པར་དུ་འདན་མའི་འདྲ་སྐུ་མཐོང་གྲོལ་ཆེན་མོ་ནི། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་གླིང་རྗེ་བློན་རྣམས་ཀྱི་ཞལ་རས་དང་སྐུ་ཡིས་སྟངས་སྟབས་ཆ་ཚང་ཉམས་སྣང་དུ་ཤར་བ་ལྟར་ཞལ་བཀོད་མཛད་པའི་འདན་མའི་ཞལ་འབག་ལ་གཞིར་བཟུང་བ་དང་། རྒྱན་དང་ཕྱག་མཚན་གྱི་བཀོད་པ་ནི་འཇམ་མགོན་མི་ཕམ་རིན་པོ་ཆེ་དང་མཁྱེན་བརྩེ་སྐུ་ཕྲེང་གོང་འོག མཁན་ཆེན་འཇིགས་མེད་ཕུན་ཚོགས་རྣམས་ཀྱིས་མཛད་པའི་འདན་མའི་བསང་མཆོད་ནང་དུ་གསུངས་པ་དང་། ཁྱད་པར་དུ་གླིང་སྒྲུང་དང་གླིང་ཚང་རྒྱལ་རབས་ལ་རྒྱུས་མངའ་ཤིན་ཏུ་ཆེ་བའི་མགོ་གཟི་དགོན་གྱི་མཁན་རྒན་ཚུལ་ཁྲིམས་རྡོ་རྗེས་ཞལ་བཀོད་ལྟར་བོད་ཀྱི་བཟོ་རིག་ཆེད་མཁས་ལྷ་བཟོ་རྣམས་དང་། བལ་པོའི་སྒྱུ་རྩལ་ཕུལ་བྱུང་ཅན། རྒྱ་ནག་གི་བཟོ་རྩལ་མཁས་པ་རྣམས་ཀྱིས་མཉམ་དུ་བསྐྲུན་པའི་བཞེངས་སྐུ་མཐོ་ཚད་ལ་སྨི་༡༧.༨༠ཅན་གྱི་རྒྱུ་ཟངས་དམར་ལས་གྲུབ་པ་སྤུས་ཚད་དང་ལྡན་པ། སྐུ་ལུས་ཀྱི་བརྗིད་ཉམས་ཕྱག་ཞབས་ཀྱི་སྟངས་སྟབས་ཚུལ་དང་མཐུན་པ། སྒྱུ་རྩལ་གྱི་ཉམས་འགྱུར་འབུམ་གྱིས་ཕྱུག་པའི་ཁྱད་ཆོས་དང་ལྡན་པ་ཡིན་ནོ།།
༢ ༽ དམངས་ཁྲོད་རིག་དངོས་འགྲེམས་སྟོན་ཁང་།
གནས་འདིར་ཞིང་འབྲོག་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ནས། ས་གནས་རང་བཞིན་ལྡན་པའི་གནའ་རྫས་རིག་དངོས་རྣམས་བཤམས་སྟོན་ཁང་འདི་གར་ཉར་ཚགས་དམ་པོར་བྱས་ཡོད་པ་དང་། རིག་དངོས་འདི་དག་ནི་གནའ་བོའི་བོད་ཀྱི་ཞིང་འབྲོག་མང་ཚོགས་སུ་མེད་དུ་མི་རུང་བའི་ལག་ཆ་ནུས་ལྡན་ཤ་སྟག་ཡིན་པ་དང་། རིག་དངོས་འདི་དག་ནི་གནའ་དེང་ཟུང་འབྲེལ་གྱི་རིག་པའི་གསེར་ཟམ་རྣལ་མ་ཞིག་ཡིན། འདན་མའི་བཤམས་སྟོན་ཁང་འདི་ནི་སྤྱིར་ཁ་བ་གངས་ཅན་པ་དང་སྒོས་འདན་ཁོག་གི་ཡུལ་ལྗོངས་འདིའི་གནའ་ནས་ད་བར་དུ་བརྒྱུད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་དངོས་ཕུན་སུམ་ཚོགས་པ་དང་། དུས་རབས་རང་བཞིན་གྱི་རིག་དངོས་རྩ་ཆེན་དག་ཉར་ཚགས་བྱས་ཡོད་པས། རིག་དངོས་འདི་དག་ནི་རིན་ཐང་གི་ཆ་ནས་བཤད་ན་གསེར་དངུལ་གྲངས་མེད་ཅིག་གིས་གཞལ་མི་ཐུབ་པའི་ཚོད་དུ་ཡོད། དེས་ན་འདན་མའི་བཤམས་སྟོན་ཁང་འདི་ནི་ཡུལ་སྟོད་སྨད་བར་གསུམ་དང་རྒྱལ་ཕྱི་ནང་མེད་པའི་གནའ་བོའི་རིག་དངོས་འཚོལ་ཞིབ་བྱེད་མཁན་དག་གི་དཔྱད་ཡུལ་གྱི་དཔང་པོ་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ནི་ཀུན་གྱིས་མགྲིན་གཅིག་ཏུ་གླེང་བཞིན་ཡོད་ལ། དེའི་ཕྱིར་འདན་མའི་བཤམས་སྟོན་ཁང་གི་རིག་དངོས་ཀྱི་རིན་ཐང་དང་སྒྱུ་རྩལ་ཀྱི་ནུས་པས་རྒྱ་ཆེ་བའི་དཔྱད་འཚོལ་བ་དག་གི་སྒོ་གསུམ་གུས་འདུད་བཅས་དགའ་གུས་བྱེད་བཞིན་ཡོད།།
༣ ༽ གནའ་རྫས་བཤམས་སྟོན་ཁང་།
འདན་མ་དྲན་གསོ་ཁང་འདིར་གནའ་རྫས་རྟོག་ཞིབ་པ་ཚོས་གདེང་འཇོག་བྱེད་ཡུལ་དུ་གྱུར་བའི་གནའ་རྫས་རིགས་གཙོ་བོ་ནི་ཚ་ཞང་འདན་མ་བྱང་ཁྲའི་རྨོག ། དུས་རབས་བཅོ་བརྒྱད་པར་ཀརྨ་སྒར་རིས་ཀྱི་ལུགས་སུ་བྲིས་པའི་གེ་སར་གྱི་ཐང་ག་སྤུས་ལེགས། མདོ་སྡེ་སྐལ་བཟང་དངུལ་བྲིས་མ། གཏེར་སྟོན་མཆོག་གྱུར་གླིང་པའི་སྒྲུབ་ཕུར། གནམ་ལྕགས་ཀྱི་ཐོད་དབྱུག རྡོ་ཡི་ཡང་གསང་རྟ་མགྲིན་རང་བྱོན། གཞན་ཡང་རྨོག་ཆེ་ཆུང་མང་པོ་དང་། ཁྲབ་གོས་དང་ཁྲབ་ཀྱི་བྱང་བུའི་རིགས། མཚོན་ཆ་འགོག་བྱེད་དཔུང་དཀྲིས་ཀྱི་རིགས་དང་། མདའ་མདུང་གྲི་སོགས་མཚོན་ཆའི་རིགས་སྣ་ཚོགས་པའི་གནའ་རྫས་འགྲེམས་སྥེལ་བྱས་ཡོད།
༤ ༽ ཐང་ག་འགྲེམ་སྟོན་ཁང་།
ཐང་གའི་སྒྱུ་རྩལ་ནི་མི་རིགས་སྲོལ་རྒྱུན་རིག་གནས་གྱི་གྲུབ་ཆ་གལ་ཆེ་ཞིག་ཡིན་པ་མ་ཟད་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་བཟོ་རྩལ་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན་པས། རིག་གནས་གྱི་དཔལ་ཡོན་ལྡན་པ་དང་། དད་ལྡན་མང་ཚོགས་ཀྱི་མཆོད་འོས་བླ་ན་མ་མཆིས་པ། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་མང་པོས་ཆེད་གཟིགས་མཐོང་ཆེན་བྱེད་ཅིང་། གནའ་དེང་རིག་གནས་གྱི་བླ་སྲོག་ལྟ་བུ་གྱུར་ཡོད་སྟབས། དེ་ལ་སྲུང་སྐྱོབ་དང་རྒྱུན་སྤེལ་བྱ་བ་ནི་རང་རེ་ཕྱི་རབས་པ་ཡོངས་ཀྱིས་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཏུ་བརྩིས་ནས་འདིར་དེང་རབས་ཀྱི་ལྷ་བཟོ་ཆེད་མཁས་པ་མང་པོས་བྲིས་པའི་ཐང་ག་བྱིའུ་ལྒང་ལུགས་དང་། སྨན་ཐང་ལུགས། མཁྱེན་བརྩེ་ཆེན་མོའི་ལུགས། ཀརྨ་སྒར་རིས་ཀྱི་ལུགས། སྨན་གསར་ལུགས་སོགས་ཐང་གའི་བྲིས་རྒྱུན་ཆེན་མོ་རྣམས་དང་། ད་རུང་ཁམས་པའི་སྨན་གསར་དང་དབུས་ཙང་གི་སྨན་གསར། ཨ་མདོ་རེབ་ཀོང་གི་སྨན་གསར་སོགས་ལུགས་གང་འཛོམས་ཞིག་བྲིས་པའི་ཐང་ག་མང་པོ་ཞིག་འགྲེམས་སྟོན་ཞུས་ཡོད།
༥༽ འདན་མའི་དཔེ་མཛོད་ཁང་།
ཤེས་བྱ་རིག་པའི་གནས་ལ་ཐོས་བསམ་བྱེད་རྒྱུ་ནི་ཆེས་གལ་འགངས་ཆེ་བའི་བྱ་བ་ཞིག་ཡིན་ཏེ། ཐོས་བསམ་རྣལ་མ་བྱེད་པ་ལས་ལེགས་ཉེས་འབྱེད་པའི་ཤེས་རབ་བླ་ན་མེད་པ་འཐོབ་ལ། ཤེས་རབ་ལ་བརྟེན་ནས་ནང་བསམ་པའི་དཔལ་ཡོན་དང་། ཕྱི་ལུས་ཀྱི་ཀུན་སྤྱོད་གང་ཐད་ལ་ལེགས་ཉེས་བླང་དོར་གྱི་སྐུལ་ལྕག་གཏོང་ཞིང་། གཞན་ཡང་བྱ་སྤྱོད་བཟང་པོར་སྐུལ་འདེད་བྱེད་ཐུབ་པ་མ་ཟད། སྤྱི་ཚོགས་ཞི་བདེ། མི་རིགས་མཐུན་སྒྲིལ། དཔལ་ཡོན་འཛུགས་སྐྲུན་སོགས་སྣོད་བཅུད་ཐམས་ཅད་ལ་ཕན་བདེ་བསྐྲུན་པའི་ཐབས་ལམ་ཀུན་ཀྱང་ཤེས་རིག་ལ་སྦྱངས་བརྩོན་བྱས་པའི་ཤེས་རབ་ཉག་གཅིག་ལ་བརྟེན་པ་ཡིན་ལ། དེ་ལྟ་བུའི་ཤེས་རབ་ཀྱང་སྔོན་བྱོན་མཁས་དབང་དག་གིས་བསྲེག་བཅད་བརྡར་གསུམ་གྱིས་གཏན་ལ་ཕབ་པའི་རིག་གཞུང་བཟང་པོ་དག་གིས་བསྐྲུན་པ་ཡིན་པས། དཔེ་ཆ་སྣ་མང་ལ་དཔེ་ཀློག་བྱེད་རྒྱུ་ནི་ཤེས་རབ་འཕེལ་བར་བྱེད་པའི་ཉེར་ལེན་གྱི་རྒྱུ་གལ་ཆེན་དུ་སོང་བས་དཔེ་མཛོད་ཁང་འདི་ཉིད་བཞེངས་སྐྲུན་བྱས་པ་ཡིན་ཞིང་། དཔེ་མཛོད་ཁང་འདིར་རྒྱལ་བའི་བཀའ་དང་། མཁས་པའི་བསྟན་བཅོས། བོད་ཀྱི་ཆོས་བརྒྱུད་ཆེན་མོ་བཞིའམ་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད། གཡུང་དྲུང་བོན་དང་བཅས་པའི་སྔོན་བྱོན་མཁས་པའི་ལེགས་བཤད་ཕལ་ཆེར་བཞུགས་སུ་གསོལ་ཡོད་ལ། ལེགས་བཤད་དེ་དག་ཀྱང་སྡེ་ཚན་དུ་ཕྱེ་ན། མངོན་མཐོ་ངེས་ལེགས་ཀྱི་ཐབས་ལམ་སྟོན་པ་ནང་དོན་རིག་པ། ཚིག་དང་དོན་གྱི་འགལ་འཛོལ་དཔྱོད་པ་སྒྲ་དང་ཚད་མ་རིག་པ། ལུས་ཀྱི་འདུ་བ་སྙོམས་བྱེད་གསོ་བ་རིག་པ། རིག་གནས་ཀུན་གྱི་མ་ཕྱི་བཟོ་རིག་པ། གཞན་ཡང་སྡེབ་སྦྱོར། སྙན་ངག མངོན་བརྗོད། སྐར་རྩིས། ཟློས་གར། ས་དཔྱད། མི་ཆོས་རིག་པ། ལོ་རྒྱུས་རིག་པ་སོགས་ཀྱི་དཔེ་སྣ་འཐུས་སྒོ་ཚང་བ་བཞུགས་ཤིང་། ད་དུང་རྒྱ་བོད་དབྱིན་སོགས་ཀྱི་སྐད་ཡིག ཚན་རིག དཔལ་འབྱོར་རིག་པ་སོགས་དེང་རབས་རིག་གནས་ཀྱི་དཔེ་ཚོགས་ཀྱང་སྣ་མང་དང་། གེ་སར་དཔའ་བོའི་ལོ་རྒྱུས་རིང་མོའི་སྒྲུང་དཔེ་གསར་རྙིང་ཡང་མི་ཉུང་ཞིག་བསྡུ་ཉར་བྱས་ཡོད། དེས་ན་ངེད་དཔེ་མཛོད་ཁང་འདི་ནས་དཔེ་ཀློག་གི་གོ་སྐབས་རྒྱུན་ཆགས་སུ་འབུལ་བཞིན་ཡོད། ད་དུང་དཔེ་མཛོད་ཁང་དུ་འཇོ་མདའ་ཀུ་ཚེ་ནས་པར་རྐོ་མཁས་པ་ཆེད་དུ་གདན་འདྲེན་ཞུས་ནས་རྒྱུ་སྤུས་ཚད་ལྡན་གྱི་དཔར་ཤིང་སྟོང་ལས་བརྒལ་བ་བཟོ་བསྐྲུན་བྱས་ཡོད།
༦ ༽ ཐོན་མི་སཾ་བྷོ་ཊ་དྲན་རྟེན་ར་བ།
གངས་ཅན་བོད་ཀྱི་མཁས་པའི་ཐོག་མར་གྲགས་ཤིང་གྲུབ་པའི་ཐོན་མི་སཾ་བྷོ་ཊ་ནི། རབ་བྱུང་མ་ཚུགས་གོང་གི་ས་མོ་ལུག་ལོ་སྟེ་སྤྱི་ལོ་༦༡༩་ལོར་གཡོར་བོ་ཡུལ་དགུའི་ནང་ཚན་ཐོན་ཞེས་པའི་ས་ཆར་བློན་པོ་ཐོན་མི་ཨ་ནུ་ར་ག་ཏའི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་སུ་ཨ་ནུ་ཞེས་མཚན་གསོལ། དགུང་ལོ་བཅོ་ལྔ་པར་རྒྱ་གར་དུ་ཕེབས་ནས་ལོ་ངོ་བདུན་གྱི་རིང་རྒྱ་གར་གྱི་ཡུལ་ཁམས་ཆེ་བ་ཀུན་ཏུ་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་པཱ་ཎི་པ་དང་། ཀ་ལཱ་པ། ཙནྡྲ་པ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏ་ལུགས་ཀྱི་བསྟན་བཅོས། དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་ཕྱི་ནང་ཐུན་མོང་གི་རིག་གནས། ཐུན་མོང་མ་ཡིན་པའི་ནང་དོན་རིག་པ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱས་ནས་བོད་དུ་ཕེབས། སྐུ་མཁར་མ་རུ་ལ་རྒྱ་ཡིག་ལྔ་བཅུ་ཐམ་པ་ལས་བོད་ཡིག་སུམ་ཅུ་གཏན་ལ་ཕབས་ཏེ་གངས་ཅན་བོད་ཀྱི་ཡི་གེ་གསར་བཟོ་ལེགས་པར་མཛད། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བྱ་དཀའ་བའི་ལམ་ནས་དྲངས་པའི་ཡིག་ཕུད་ཐོག་མར་ཕུལ། ཁོང་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་གཙོ་བོ་དང་མཛངས་མི་མི་བདུན་གྱི་ཡ་གྱལ་ཡང་ཡིན། ཁོང་གིས་བརྡ་སྤྲོད་ཀྱི་གཞུང་ཆེན་པོ་བརྒྱད་སོགས་བསྟན་བཅོས་མང་དུ་མཛད་པ་ལས་སུམ་ཅུ་པ་དང་། རྟགས་འཇུག ཐོན་མིའི་མདོ་རྫི་སོགས་ད་ལྟའི་བར་བོད་ཀྱི་ཡིག་རིགས་ཀུན་གྱི་ཕྱི་མོར་གནས། འགྱུར་ལ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མེའི་མདོ། མདོ་ཏིང་ངེ་འཛིན་རྒྱལ་པོ། མདོ་སྡེ་དཀོན་མཆོག་སྤྲིན། དམ་པ་ཏོག་དཀར་གྱི་མདོ། དགེ་བ་བཅུའི་མདོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ། པང་ཀོང་ཕྱག་རྒྱ་པ། ཙིནྟ་མ་ཎིའི་གཟུངས་བཅས་གངས་ཅན་ཀྱི་ལྗོངས་འདིར་འགྲན་ཟླ་དང་བྲལ་བའི་མཛད་རྗེས་བཞག་ཡོད།
༧ ༽ འདན་མའི་ལག་ཤེས་བཟོ་རྩལ།
དྲན་གསོ་ཁང་དུ་འདན་མའི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཁང་ཞིག་བཙུགས་ནས་ཐང་ག་དང་ས་གདན་ལག་རྩལ་བ་མང་པོ་གསོ་སྐྱོང་བྱེད་དང་བྱེད་བཞིན་ཡོད་པ་ལས། ས་གདན་གྱི་ངོ་སྤྲོད་མདོར་བསྡུས། ས་གདན་བཟོ་བའི་བརྒྱུད་རིམ་ནི། རི་མོའི་བཀོད་པ་དང་སྤུ་འདེམ་པ། འཁེལ་འཐག་དང་རུམ་འཐག ། གདན་སྙོམས་དང་བཀྲུ་བ། ཉི་སྐམ་གཏོང་བ་དང་ཤུར་འཇོག་པ་སོགས་ཀྱི་ལས་རིམ་བཅུ་ལྷག་ཙམ་བརྒྱུད་ཡོད། ལས་རིམ་ཚང་མར་ལག་རྩལ་གྱི་བླང་བྱ་ནན་པོ་ཡོད་པ་མ་ཟད། ལས་རིམ་བར་ཕན་ཚུན་འབྲེལ་མཐུད་བྱེད་དགོས། སྤུན་གཅིག་ས་གདན་གཅིག་གི་བར་དུ་ལག་རྩལ་དང་སེམས་ཤུགས་མང་པོ་འདོན་དགོས། ལག་ཤེས་ས་གདན་འཐག་སྟངས་དམིགས་བསལ་ཡིན་པ་དང་། པར་རིས་ལ་འབུར་གཟུགས་ཀྱི་ཚོར་སྣང་ལྡན། མེ་ཏོག་དང་མཛེས་ལྗོངས་གསོན་ཉམས་ལྡན་པ། རི་མོའི་མཚོན་དོན་བཀྲ་ཤིས་པ་བཅས་ཡིན་པས་ནང་དོན་ཕུན་སུམ་ཚོགས་པོ་ཡོད། འདན་མའི་ས་གདན་གྱི་རི་མོ་ཇུས་འགོད་སོགས་ཀྱི་ཐད་གསར་གཏོད་ཟམ་མི་ཆད་པར་བྱས་པ་དང་བསྟུན་ནས་བོད་གདན་དེ་ས་གནས་གཞན་ལ་བྲིན་ཆེ། ད་དུང་ལག་རྩལ་གྱི་རིགས་བོད་ཕྲུག སྐེ་དཀྲིས། སྟོད་ཁེབས། པང་ཁེབས། བལ་གདན། ཉལ་ཐུལ་སོགས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་ཁྱབ་གཏོང་བ་དང་འབྲེལ་ལག་ཤེས་བཟོ་རྩལ་དར་སྤེལ་དང་ས་གནས་དེ་གའི་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་ངེས་ཅན་འདོན་བཞིན་ཡོད། སྤུས་ལེགས་དང་བབ་ཆགས་པའི་འདན་མའི་ལག་རྩལ་ནི་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་གྱི་སྒྱུ་རྩལ་ཞིག་ཡིན།
༨༽ འདན་མའི་ནས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན།
འདན་མའི་རིག་གནས་སྒྱུ་རྩལ་དུས་ཆེན་ནི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་དང་ལྡན་ཞིང་། འདན་མའི་དྲན་གསོ་ཁང་འདིར་གོང་གི་ཆོག་མཆན་དང་རྒྱབ་སྐྱོར་མཛུབ་ཁྲིད་བཟང་པོའི་འོག་༢༠༠༨ལོར་དངོས་སུ་རྒྱུད་འཛིན་དང་སླར་གསོ་བྱས་པ་ནས་བཟུང་འདན་མའི་ནས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ལོ་ལྟར་ཉིན་གསུམ་ནས་ལྔའི་བར་དུ་གླིང་ཕུ་ནུའི་གར་འཆམ་དང་འདན་མའི་གནའ་བྲོ། འདན་མའི་སྐོར་བྲོ། གླིང་སྒྲུང་དང་གླུ་དབྱངས་སོགས་ངག་དང་ལུས་ཀྱི་སྒྱུ་རྩལ་མི་འདྲ་བ་སྣ་ཚོགས་བལྟས་ན་མིག་གི་ལོངས་སྤྱོད་དང་ཉན་ན་རྣ་བའི་བུ་རམ་དུ་གྱུར་་ཡོད་ཅིང་། དེང་དུས་ཡུལ་མི་རྣམས་ཀྱང་གནའ་རབས་ཀྱི་ཆས་གོས་རྒྱན་ཆ་མི་འདྲ་བ་སྣ་ཚོགས་འདོགས་ཤིང་གནའ་མི་གསར་དུ་ཐོན་པ་ལྟ་བུའི་ངོ་མཚར་བའི་ལྟད་མོ་དུ་མ་ཡོད་དོ།།
༩ ༽ འདན་མའི་གནའ་སྒྲུང་།
འདན་མ་དྲན་གསོ་ཁང་དུ་ཉིན་རྒྱུན་ལྟར་མི་རྒན་པ་ཉམས་མྱོང་ཅན་རྣམས་འདུས་ནས་ས་སྐྱ་ལེགས་བཤད། མི་ལའི་མགུར། གཏམ་པདྨ་ཚལ་གྱི་ཟློས་གར། ལེགས་བཤད་འཕྲུལ་གྱི་དྲྭ་བ། མི་རོ་གསེར་འགྱུར་གྱི་སྒྲུང་། གེ་སར་དཔའ་བོའི་གཏམ་རྒྱུད་རིང་མོ་སོགས་གནའ་དཔེ་ད་སྒྲུང་དང་། གླུ་དང་མགུར་མོ། ཁེད་དང་ལྡེའུ་སོགས་དམངས་ཁྲོད་རིག་གནས་ལ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་བྱ་བར་བརྩོན་དང་བརྩོན་བཞིན་པའོ།།