རྟའུ་རྫོང་གིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་ཚོགས་འདུ་ཞིག་འཚོགས།

གསར་འགོད་པ། རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 06-24


སྤྱི་ཟླ་6པའི་ཚེས་23ཉིན། “ཡིད་འོང་རྟའུ་རྫོང་། བསོད་ནམས་ཡར་འགྲོའི་ཡུལ”ཞེས་པའི་རྟའུ་རྫོང་གི་རིག་གནས་རྒྱུན་འཛིན་གོང་འཕེལ་གྱི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། བཞུགས་མོལ་ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། ཁམས་བོད་རིག་གཞུང་ཚན་ཁག་གི་དབུ་བཞུགས་ཆེད་མཁས་པ་རེན་ཞིན་ཅན་དང་། སི་ཁྲོན་སློབ་ཆེན་རིག་གནས་ལོ་རྒྱུས་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་སུའོ་ཡི་ཆེད་བསྐོས་ཞིབ་འཇུག་པ་གཡུ་འབྲུག་མཚོ་མོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་། རྟའུའི་ས་གནས་རང་གི་རིག་གནས་མི་སྣས་རྟའུ་ཡི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་འཕེལ་རྒྱས་ལ་བགྲོ་གླེང་དང་སྤེལ་རེས་བྱས།

བཞུགས་མོལ་ཚོགས་འདུའི་ཐོག །རྟའུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཨོ་རྒྱན་ཚེ་རིང་གིས་ཤིས་ཚིག་ནང་བསྟན་རྒྱུར། རྟའུ་ནི་སྣ་མང་རིག་གནས་གསོ་སྐྱོང་བྱ་ཡུལ་དང་། དམར་དམག་རྒྱང་སྐྱོད་ཀྱི་བརྒྱུད་གནས། མི་རིགས་མཐུན་སྒྲིལ་འཆམ་མཐུན་གྱི་གནས་མཆོག་ཡིན་པས། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་ནི་དུས་རབས་ཀྱི་འཕར་རྩར་དམ་པོར་དམིགས་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་བློ་གྲོས་ཀྱི་མེ་སྟག་མཆེད་པ་ཞིག་ཡིན་ལ། རྟའུ་ཡི་གཏམ་རྒྱུད་ཡག་པོ་བཤད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རིག་གནས་རྒྱུན་འཛིན་གོང་འཕེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། དེང་རབས་ཅན་གྱི་རིག་གནས་སྟོབས་ཆེའི་རྫོང་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་། རྟའུ་རྫོང་གིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། རྒྱུན་འཛིན་དམིགས་བསལ་གྱིས་སྔོན་ལ་འཇོག་པའི”འདུ་ཤེས་རྒྱུན་འཛིན་དང་། རིམ་པ་མང་པོ་དང་ཐབས་ལམ་མང་པོ་བརྒྱུད་དེ་རིག་གནས་རྒྱུན་འཛིན་ཁྱབ་གདལ་དང་གཞན་སྒྱུར་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་དང་། བོད་དམངས་སྡོད་ཁང་བཤམས་སྟོན་ཁང་དང་། རང་བྱུང་སྐྱེ་ཁམས་བཤམས་སྟོན་ཁང་། དར་ལམ་དཀར་མཛེས་ལུང་བསྟན་འབྲོག་རའི་བཤམས་སྟོན་ཁང་། དཔལ་སྨད་སྒོ་ར་སོགས་ཁྱད་ཆོས་ལྡན་པའི་འགྲེམས་ཁང་བསྐྲུན་པ་དང་། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་རྟའུའི་ལམ་དུམ་འཛུགས་སྐྲུན་ཁྲོད“སྲོག་ཤིང་གཅིག་དང་ཁྱམས་ར་གཅིག །རྟེན་གཞི་གཉིས”ཀྱི་འཛུགས་སྐྲུན་བཀོད་ཇུས་གྲུབ་སྟེ། རྫོང་ཡོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག །རིགས་གཅིག་མཁས་ཅན་ཚོས་ཤེལ་ཆུ་འགྲམ་གྱི་རྨོ་འདེབས་རིག་གནས་རྒྱུན་འཛིན་གོང་འཕེལ་དང་། དཔལ་སྨད་ས་ཁུལ་གྱི་མི་ཉག་རིག་གནས་རྒྱུན་འཛིན་གོང་འཕེལ། གསར་བརྗེའི་རིག་གནས་རྒྱུན་འཛིན་གོང་འཕེལ། འདྲ་པའི་རིག་གནས་རྒྱུན་འཛིན་གོང་འཕེལ། འབྲོག་པའི་རིག་གནས་དང་གེ་སར་རིག་གནས་རྒྱུན་འཛིན་གོང་འཕེལ་བཅས་ལ་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས།

ལོ་ལྟར་གྱི་ལྔ་པའི་རྨོ་འདེབས་རིག་གནས་ཡུལ་སྐོར་དུས་ཆེན་ད་བར་རྒྱུན་མཐུད་བྱས་ཏེ། རྟའུ་ཡི་དམངས་ཁྲོད་ཀྱི་ཆེས་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཏུ་གྱུར་ཡོད། རྟའུ་ཡི་རྨོ་འདེབས་རིག་གནས་ལ་མཚོན་ན། ང་ཚོས་རྒྱུན་འཛིན་ཡག་པོ་བྱེད་དགོས་པར་མ་ཟད། ད་དུང་གོམ་གང་མདུན་སྤོས་ཀྱིས་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས་ཞེས་བཞུགས་མོལ་ཚོགས་འདུའི་ཐོག་རྟའུ་རྫོང་གི་ཆེད་མཁས་པ་འཇིགས་མེད་རྡོ་རྗེས་བཤད་པ་དང་། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། རྟའུ་རྫོང་གི་སྐབས་དགུ་པའི་ལྔ་པའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་མུ་འབྲེལ་རིག་གནས་བྱེད་སྒོ་ནི་སྤྱི་ཟླ་7པའི་ཟླ་སྨད་དུ་སྤེལ་རྒྱུ་ཡིན་ཏེ། སྐབས་དེར་ཡུལ་སྐོར་པ་རྣམས་རྟའུ་རུ་བསྐྱོད་དེ་སྲོལ་རྒྱུན་རིག་གནས་གོམ་སྲོལ་ལ་མྱོང་རོལ་བྱ་ཆོག

བཞུགས་མོལ་ཚོགས་འདུའི་ཐོག །ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་རྟའུ་རྫོང་ལ་སྒོ་བྱང་སྤྲད་དེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་མིའི་རིགས་རིག་པའི་རྟའུ་ཡི་ཞིབ་འཇུག་སློབ་སྦྱོང་ལག་ལེན་རྟེན་གཞི”བཙུགས་པ་རེད། གཞན་ཡང་རྟའུ་རྫོང་གིས་དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པ་དང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་མི་རིགས་དང་ཆོས་ལུགས་ཞིབ་འཇུག་ཁང་བཅས་དང་སོ་སོར་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་བ་རེད།

རྟའུ་ལ“ཀྲུང་གོའི་བོད་ལུགས་སྡོད་ཁང་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མཚན་སྙན་ཡོད་ཅིང་། རྟའུ་ཡི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ནང་དོན་གཏིང་ཟབ་མོ་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། རྫོང་ཡོངས་སུ་གནའ་དཔེ་དང་སྲོལ་རྒྱུན་རོལ་ཆས། ས་གནས་ཀྱི་ཟློས་གར། དངོས་མིན་རིག་གནས་ཤུལ་བཞག་བཅས་ཀྱི་རིག་དངོས་རིགས་ཆེན་པོ་ལྔའི་རིག་གནས་ཐོན་ཁུངས་གནས་417ཡོད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིག་གནས་འགན་སྲུང་སྡེ་ཚན་4དང་ཞིང་ཆེན་དང་ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཚན་པ་46ཡོད་པ་རྩད་ཆོད་མཐའ་གསལ་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1