༄༅། །ཁམ་བུའི་མེ་ཏོག་དང་འབྲེལ་བའི་དམངས་གཞས་འགའ།
ཁམ་བུ་ཁ་ལ་ཞིམ་པ། །
མེ་ཏོག་མིག་ལ་མཛེས་པ། །
དོ་དགོང་ཁམ་སྡོང་འོག་ཏུ། །
བཞུགས་ཤག་གནང་དགོས་མིན་ནམ། །
ཁམ་སྡོང་མཐོན་པོའི་རྩེ་ལ། །
ལག་པས་སྙོབ་ས་མ་རེད། །
ཁམ་བུའི་ཐུགས་ལ་ཡོད་ན། །
པང་ཁའི་ནང་ལ་བོབ་ཤོག །
བུ་མོ་ཨ་མར་མ་སྐྱེས། །
ཁམ་བུའི་ཤིང་ལ་སྐྱེས་འདྲ། །
ཨ་གསར་ཟད་པ་ཁམ་བུའི། །
མེ་ཏོག་ལས་ཀྱང་མགྱོགས་པ། །
ས་ཐག་འགྱང་བའི་བྱམས་པ། །
ཁམ་སྡོང་མཐོན་པོའི་མེ་ཏོག །
མཇལ་འདོད་བློ་ལ་ཡོད་ཀྱང་། །
ས་དང་ལམ་གྱིས་ཆོད་སོང་། །
ཁམ་བུ་ཁ་ལ་ཞིམ་བྱུང་། །
མེ་ཏོག་མིག་ལ་མཛེས་བྱུང་། །
ཞིམ་པའི་ཁམ་བུ་བཟས་ཡོད། །
མེ་ཏོག་དགོངས་པ་མ་འཚོམ། །
ཁམ་སྡོང་སྐྱེ་སྟངས་ངན་པོ། །
རྫོབ་དོང་འགྲམ་ལ་སྐྱེས་སོང་། །
ཁམ་བུ་ཡག་རེ་ཡག་ཚད། །
རྫོབ་དོང་ནང་ལ་ཟགས་སོང་། །
ཁམ་བུའི་མེ་ཏོག་གླིང་གི །
འཇོལ་མོ་གསུང་སྐད་སྙན་པོ། །
གསུང་སྐད་བཀྱོན་ནི་བཀྱོན་གི །
མི་བུ་བདག་ལ་བཀྱོན་ཤོག །
ཁམ་བུའི་ཁ་ཤུན་ཤ་རེད། །
ཁམ་བུའི་ནང་སྙིང་མར་རེད། །
ཤ་ཐོག་མར་སྤགས་བཟའ་མཁན། །
བུ་ཆུང་ང་རང་ཡིན་ངེས། །
ཁམ་སྡོང་སྐྱེ་སྟངས་ངན་པ། །
རྒྱ་ལམ་འགྲམ་ལ་སྐྱེས་སོང་། །
ཁམ་བུ་ཡག་རེ་ཡག་ཚད། །
རྒྱ་ལམ་འགྲུལ་པས་བཏོགས་སོང་། །
ཁམ་བུའི་མེ་ཏོག་ལྷ་རེད། །
ཁམ་བདག་གཉན་པོ་ཀླུ་རེད། །
མེ་ཏོག་གང་བྱུང་མ་འཐོག །
ལྷ་ཀླུའི་གནོད་པ་ཕོག་ཡོང་།
ཁམ་བུའི་མེ་ཏོག་གསེབ་ནས། །
བྱིའུ་ཆུང་ཕར་འཕུར་ཚུར་འཕུར། །
གསུང་སྐད་མང་པོ་མ་བཀྱོན། །
རྒྱ་གྲོང་མི་ཁ་ཆེ་ཡོང་། །
ཁ་དགའ་ཁམ་བུའི་མེ་ཏོག །
ཞེ་དགའ་མཛོ་མོ་དུང་ལུ། །
ཁམ་བུའི་མེ་ཏོག་ཡལ་ཡང་། །
མཛོ་མོ་སྒོ་ལ་རང་འཁོར། །
ཁམ་བུ་སློ་མ་གང་ལ། །
ལྗགས་གྲངས་གནང་གི་ཡོད་ན། །
ཚུར་ལ་གནང་བའི་ཁམ་བུ། །
ཕར་ལ་བཞེས་རོགས་གནང་དང་། །
ཁམ་བུ་ཁ་ལ་ཟོས་པའི། །
ཁ་ཆད་ག་རེ་ཡོད་པ། །
ཁམ་ཙིག་ཐང་ལ་གཡུག་དུས། །
དོན་གྱི་རྡོག་རྩ་ཤོད་ཤོག །
ཁམ་སྡོང་ཡར་ལ་བལྟས་ན། །
ཁམ་བུ་བཟའ་སྙིང་འདོད་ཀྱང་། །
རྒྱབ་ཀྱི་ཀླུ་བཙན་དམར་པོར། །
ཞེད་སྣང་གཏིང་ནས་སྐྱེས་བྱུང་། །
ཁམ་སྡོང་ཨ་ཀྱོག་པ་ཀྱོག །
ཁམ་བུ་སྐྱུར་རུ་འབག་ཚགས། །
ཁྱེད་ལ་འབབ་འདོད་ཡོད་ཀྱང་། །
ང་ལ་བཟའ་འདོད་མི་འདུག །
མཛེས་པའི་ཁམ་སྡོང་རྩེ་ལ། །
བྱིའུ་ཆུང་འཇོལ་མོ་བབས་འདུག །
ཁམ་སྡོང་རྣམ་དཔྱོད་ཐོངས་ཤིག །
འཇོལ་མོའི་སྐད་སྣ་མང་སོང་། །
ཁམ་བུ་སྔོ་རྡོག་གཅིག་གིས། །
ཕོ་བའི་ནད་རོ་བསླངས་སོང་། །
ད་ནས་ཁམ་བུ་མི་ཟ། །
ཁམ་སྡོང་ག་ལེ་བཞུགས་རོགས། །
རླུང་དང་ཆར་པའི་དཀྱིལ་ནས། །
ཁམ་བུའི་མེ་ཏོག་མཛེས་བྱུང་། །
ང་ལ་དཀའ་སྡུག་འཕྲད་དུས། །
ཆུང་འདྲིས་བྱམས་པ་ཡག་བྱུང་། །
ཁམ་བུ་ཁམ་བུ་མ་ཟེར། །
ཁ་ལ་བཟའ་རྒྱུ་མ་བྱུང་། །
མེ་ཏོག་མིག་གིས་བལྟས་པར། །
ཁམ་སྡོང་འདྲོགས་འགོ་མ་ལངས། །
ཁམ་སྡོང་མཐོན་པོའི་ཁམ་བུ། །
རང་དགར་ཟགས་པ་མ་རེད། །
ཁམ་བདག་བྱམས་སེམས་ཅན་གྱིས། །
ཕག་པར་དགེ་བ་བཏང་འདྲ། །
ཁམ་སྡོང་འཛུགས་མཁན་ང་ཡིན། །
ཁམ་ཆུ་གཏོང་མཁན་ང་ཡིན། །
ཁམ་སྡོང་དགུང་ལ་མཉམ་དུས། །
ལས་ལ་འགྱུར་བ་ཐུག་སོང་། །
ཞིམ་པོ་ལོ་གསུམ་ཁམ་བུ། །
སད་དང་སེར་བས་བཅོམས་སོང་། །
རི་ཁམ་སྔོ་ཏོག་སྐྱུར་སིང་། །
ཁང་ལྟག་ཁང་འོག་ཁེངས་ཤག །