སྤྱིར་གངས་ཅན་གྱི་ལྗོངས་ཆེན་པོ་འདི་རི་མཐོ་ས་གཙང་ཡུལ་བཟང་ཞིང་། མི་རྣམས་བྱམས་བརྩེ་ཆེ་ཞིང་ཟས་ནོར་ལོངས་སྤྱོད་ཀྱིས་ཕྱུག་པ་ཞིག་ཡིན་པར་ཀུན་གྱིས་བསྔགས་སོ། །
དེ་ལ་བོད་ཀྱི་རིག་གནས་ལས་ཐབ་ཀའི་རིག་གནས་འདི་ཤིན་ཏུ་གལ་ཆེ་ཞིང་། མིའི་རིགས་འཚོ་གནས་བྱེད་པར་ཁ་ཟས་དང་འབྲལ་ཐབས་མེད་པར་མ་ཟད། ཟས་ཆུ་གཡོས་སྐོལ་བྱེད་པ་ལ་ཐབ་ཀ་མེད་དུ་མི་རུང་བ་ཞིག་ཏུ་གདའ། མིའི་རིགས་ཀྱི་སྡོད་གནས་གཏན་འཇགས་སུ་གྱུར་པ་དང་བསྟུན་ནས། ཐབ་ཀའི་སྒྲིག་བཟོ་དང་དེ་འབྲེལ་གྱི་རིག་གནས་ཐད་ནས་ཀྱང་གཏན་འཇགས་ཀྱི་གོམས་སྲོལ་ཆགས་ཡོད། ཁྱིམ་ཚང་ཞིག་ལ་མཚོན་ན་ཐབ་ཚང་ནི་ཁྱིམ་གཞིས་ཁྲོད་ཀྱི་གནས་སྡོད་གཙོ་བོ་ཡིན་ལ། དེ་བས་ཀྱང་མདོ་དབུས་མཐོ་སྒང་ན་ལྷག་ངར་ཡོད་པས་ཁྱིམ་མི་ཡོངས་རྫོགས་མེ་ཐབ་ལ་བརྟེན་ནས་འདུག་ཡོད། ནམ་རྒྱུན་ཐབ་ཚང་གི་མཐའ་སྐོར་དུ་འདུས་ནས་ཁ་ཟས་ལ་རོལ་པ་དང་མགྲོན་བསུ་སྟོན་མོ་བཤམས་པ་ཞིག་ཡིན། འདིར་བོད་ཀྱི་ཐབ་ཆེན་རིག་གནས་སྐོར་མདོ་ཙམ་བརྗོད་པ་ལ།
སྤྱིར་བཏང་དུ་ཁྱིམ་གཞི་ལས་ཁང་པ་གསར་དུ་རྒྱག་པ་དང་མཉམ་དུ་ཐབ་ཀ་བརྩིགས་བཟོ་བྱེད་སྲོལ་ཡོད་དེ། ཐབ་ཀའི་རྒྱུ་ཆའི་ཐད་ནས་རྨང་འདིང་བ་ལ་ས་དང་རྡོ། སོ་ཕག ལྕགས་སོགས་གཙོ་བོར་བྱ་ཞིང་། བོད་ཀྱི་སྲོལ་རྒྱུན་ཐབ་ཀའི་བཟོ་རྩལ་ནི་ས་དང་འདམ་གྱིས་བྱས་ཡོད། དེ་བཞིན་རིགས་ཀྱི་དབང་དུ་བྱས་ན་ས་ཐབ་དང་། རྡོ་ཐབ། རྫ་ཐབ། ཁྲོ་ཐབ། ལྕགས་ཐབ་སོགས་ཡོད་པ་དང་། དབྱིབས་ཀྱི་དབང་དུ་བྱས་ན་དབྱིབས་དང་བཟོ་ལྟ་ཆེ་ཆུང་མི་འདྲ་བ་ཅི་རིགས་ཡོད་མོད། ཐབ་ཀ་ཕལ་ཆེ་བའི་དབྱིབས་ནི་གྲུ་བཞི་དང་། གྲུ་བཞི་ནར་བཅད་ཁ་ཚུར་བསྐོར་དང་གྲུ་བཞི་ནར་མོའི་གཟུགས་དང་། གྲུ་བཞི་ནར་མོ་ལ་ཡང་ཡ་མ་ཐབ་གཉིས་ཅན། ཡ་ཐབ་ཡོད་པ་ལ་མ་ཐབ་ཐབ་མིག་མེད་པ་སོགས་རིགས་འདྲ་མིན་ཡོད། བྱེད་ནུས་ཀྱི་དབང་དུ་བྱས་ན་སྐྱེས་ཕོ་རབས་འདུག་གནས་ལ་ཡ་སྒྱིད་དང་། མ་སྲུ་མོ་སྨན་རྣམས་འདུག་གནས་ལ་མ་སྒྱིད་བཅས་ལོགས་གཉིས་སུ་བཀར་ཡོད། ཕོ་ར་ཕྱོགས་དང་། མོ་ར་ཕྱོགས་གཉིས་ཡོད་པ་ལས། ཕོ་རའི་ཕྱོགས་རང་གི་ཁྱིམ་མི་དང་ཕྱིའི་སྐུ་མགྲོན་རྣམས་གདན་གྲལ་བསྒྲིགས་ནས་འདུག་སྲོལ་ཡོད། མོ་ར་ནི་ཐབ་ལས་དང་ཟས་ཆུ་གཡོ་སྐོལ་བྱེད་ས་ཡིན། ཐབ་ཀའི་གྲུབ་ཆའི་དབང་དུ་བྱས་ན་ཐབ་རྡོ་དང་། ཐབ་མིག ཐབ་སྒོ། ཁོལ་སྒོ། ཐབ་ཁོང་། ཐབ་ངོས། ཐབ་ཟུར། ཕོ་ཁུང་། སྒྱེད་ཁུང་། གངས་རི། གངས་སྐྱོར། གོ་དོང་སོགས་རིགས་མང་པོ་དབྱེ་སྲོལ་ཡོད། ཐབ་ཀའི་གྲུབ་ཆའི་མཚོན་དོན་ཐད་ཀྱི་བཤད་ཚུལ་ལ་ས་གནས་སོ་སོར་རང་རང་གི་འགྲེལ་ཚུལ་ཅི་རིགས་ཡོད།
དེ་ཡང་ཐབ་ལྷ་ལ། དགྲ་ལྷ་ཐབ་ལྷ་ཡུ་མོ་ནི་སྐུ་མདོག་དཀར་ལ་ཞི་ཞིང་གཞོན་ནུ་ལང་ཚོས་སྒེག་པ། ཞལ་གཅིག་ཕྱག་གཉིས་གཡས་དར་དང་བཅས་པའི་གསེར་གྱི་གཟར་བུ་དང་། གཡོན་པས་ཟས་སྣ་ཕུན་སུམ་ཚོགས་པའི་ནོར་གཞོང་ཐུགས་ཀར་འཛིན་པ། སྐུ་ལ་རིན་པོ་ཆེའི་རྒྱན་སྤྱི་དང་དར་གོས་སྣ་ཚོགས་བརྒྱན་པ། དབུ་ལ་རིན་ཆེན་པྲོག་ཞུ་རིན་པོ་ཆེའི་ཁྲ་ཚོམ་ཅན། ཞབས་ལ་དར་ལྷམ་འཇའ་རིས་ཅན་སོགས་མཛེས་པར་གསོལ་བ། ཡུལ་ནོར་རིན་ཆེན་དག་གིས་ཡོངས་སུ་སྤུད་དེ་པད་ཟླའི་གདན་ལ་བརྗིད་ཆགས་འགྱིངས་བའི་ཉམས་བཅས་བཞེངས་སྟབས་སུ་བཞུགས་པའོ། །
འདིར་ཐབ་ཆེན་མེ་དཔུང་ནོར་བུ་རབ་འབར་གྱི་མཚོན་དོན་ལ། དཀྱིལ་ཐབ་ལ་ཐབ་འཛུགས་གསུམ་ཡོད་པས་རིགས་གསུམ་མགོན་པོ་མཚོན་པ་དང་། གཡས་ཐབ་ཀྱི་ཕོ་རར་སྒོ་ཆེན་གོང་འོག་གསུམ་རེ་ཡོད་ཅིང་། དེ་ལས་སྟེང་མྱེ་སྒོ་གསུམ་གྱིས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་དཀར་པོའི་སྒོ་ཆེན་གསུམ་མཚོན་པ་དང་། འོག་ཁོལ་སྒོ་གསུམ་གྱིས་ཀླུ་དགའ་བོ་མགྱོགས་པོའི་རིན་པོ་ཆེའི་སྒོ་ཆེན་གསུམ་མཚོན་ཡོད། གཡོན་ཐབ་ཀྱི་མོ་རར་སྒོ་གོང་འོག་དྲུག་ཡོད་པ་ལས། སྟེང་གི་མྱེ་སྒོ་གསུམ་གྱིས་རྣམ་ཐར་སྒོ་གསུམ་མཚོན་པ་དང་། འོག་གི་ཁོལ་སྒོ་གསུམ་གྱིས་ཀླུ་རྒྱལ་སྲས་མོའི་ཕོ་བྲང་གི་སྒོ་གསུམ་མཚོན་ཡོད། ཐབ་ཆེན་གྱི་གངས་རི་ཐེམ་པ་དགུ་བརྩེགས་ཀྱིས་ཐེག་པ་རིམ་པ་དགུ་མཚོན་པ་དང་། གཡས་གཡོན་གངས་སྐྱོར་གྱིས་རྒྱལ་བློན་གྲོས་ལ་དབང་བ་རྣམས་ཀྱིས་རྒྱལ་སྲིད་མངའ་ཐང་ལོངས་སྤྱོད་ཀྱི་ཚོགས་བསྐོར་བ་མཚོན་ལ། དཀྱིལ་གྱི་ཐབ་མིག་གསུམ་གྱིས་ལྷ་ཀླུ་གཉན་གསུམ་མཚོན། གཡས་གཡོན་གྱི་ཐབ་མིག་དགུ་ཡིས་གླིང་གེ་སར་གྱི་རྟེན་འབྲེལ་མཚོན་པའི་གྲངས་དགུ་མཚོན། ཐབ་ཀྱི་གངས་རི་རྣམ་པར་མཛེས་པ་དག་གིས་གསེར་རི་དང་དངུལ་རི། དུང་རི། གངས་ཀྱི་རི་བོ་སོགས་རིན་པོ་ཆེ་སྣ་ཚོགས་པས་གྲུབ་པའི་རི་རྒྱལ་བརྟན་བརླིང་ཆེ་བ་རྣམས་ཚར་དུ་དངར་བ་སྟེ་ཐབ་ཀ་རི་རྒྱལ་ལྷུན་པོ་བཞིན་འགྱུར་མེད་རྟག་བརྟན་དུ་གནས་པ་མཚོན། ཐབ་ཁུང་ཡིད་དུ་འོང་བ་དག་གིས་གསེར་མཚོ་དང་དངུལ་མཚོ། གཡུ་མཚོ་སོགས་གཏེར་ནས་བརྡོལ་བའི་ཡན་ལག་བརྒྱད་ཀྱི་ཆུ་བོ་འབབ་པ་སྟེ་ཐབ་ཀ་རིན་ཆེན་གཏེར་མཛོད་འཁྱིལ་བ་ལྟར་འཛད་པ་མེད་པ་མཚོན། ཡ་སྒྱེད་སྒྱེད་ཁུང་གཡས་གཡོན་དུ་གསེར་འབྲུག་དངུལ་འབྲུག་ཆ་གཅིག་ཁ་ཕྱི་ལ་ཕྱོགས་ཡོད་པས་སྐྱེས་ཕོ་རབས་ཀྱི་རླུང་རྟ་སྟོང་གསུམ་ཁམས་ལ་ཁྱབ་པ་མཚོན། མ་སྒྱེད་སྒྱེད་ཁུང་གཡས་གཡོན་དུ་གཡུ་འབྲུག་དང་དུང་འབྲུག་གཉིས་ཁ་སྤྲོད་དུ་ཡོད་པས་མི་གཡང་ནོར་གཡང་ནང་དུ་འགུགས་པ་མཚོན། གཡས་ཐབ་ཆེན་གྱི་ཐབ་སྒོའི་གཡས་གཡོན་གྱི་ཀ་བ་དྲུག་གིས་རིགས་དྲུག་གི་སྐྱེ་སྒོ་འགོག་ཆེད་ཐབ་གཤོག་གྱེན་ལ་གཏེགས་པ་དང་། གཡོན་ཐབས་སྒོའི་ཀ་བ་དྲུག་གིས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཚོན། ཐབ་ཀྱི་ཕྱོགས་བཞིས་དུས་བཞི་མཚོན་པ་དང་། ཟུར་བཞིས་རྒྱལ་ཆེན་བཞི་མཚོན། ཐབ་མིག་བཅུ་གཉིས་ཀྱིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན། དེའི་སྟེང་གི་རིན་པོ་ཆེའི་སྣོད་བཅུ་གཉིས་ཀྱིས་ལོ་སྐོར་ཟླ་བ་བཅུ་གཉིས་མཚོན། མཐའ་ལྕགས་རི་པ་ཏྲ་རི་མོ་སུམ་བརྒྱ་དྲུག་ཅུ་ཡིས་ཞག་མ་སུམ་བརྒྱ་དྲུག་ཅུ་མཚོན་པ་དེའོ། །
དེ་ལ་ཕོར་ཁུང་ཐམས་ཅད་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་པའི་རྟགས་བརྒྱད། རྫས་བརྒྱད། རྒྱལ་སྲིད་སྣ་བདུན། སྟག་སེང་ཁ་སྤྲོད། ཚེ་རིང་ལོ་བརྒྱ། གཡུང་དྲུང་དགུ་འཁྱིལ་སོགས་རི་མོ་རྣམ་པར་བཀྲ་བའི་དཀར་ཡོལ་གྱིས་གང་བ་བཤམས། གོ་དོང་དུ་དབང་གི་ལས་གྲུབ་སྟེ་མེ་དམར་པོའི་སྟེང་དུ་ཙན་དན་ལོ་མའི་ཇ་སྐོལ། བྱ་བའི་ལས་དཀར་པོ་འགྲུབ་པ་ལ་འབྲི་བརྒྱ་འོ་མའི་མདངས་ཕབས་ནས་ཁོལ། གོ་ར་ཨ་གར་ནག་པོ་ལ་ཙན་དན་དཀར་པོའི་ཁ་རྒྱན་སྟེ་སྲ་མཁྲེགས་རྡོ་རྗེ་བྲག་ལ་བསྟེན། མེ་ཐབ་དབུས་སུ་བྱུ་རུ་དམར་པོའི་རཾ། ཐབ་གཡས་ལྷ་ཡི་གཟི་མིག ཕོ་ར་སྟག་ཤར་རང་འཁོར། ཐབ་གཡོན་ཀླུ་ཡི་མཚོ་མོ། མ་སྲུ་མོ་སྨན་རང་འཁྱིལ། ཡ་ཐབ་ཐབ་ལྷ་རང་འཁོར། མ་ཐབ་ནོར་ལྷ་རང་འགྲུབ། མྱེ་སྒོ་ནོར་གཡང་རང་འཁོར། ཁོལ་ཁ་བལ་སྟན་གྲུ་བཞི། ཁོལ་སྒོ་གཡང་ཏྲིའི་སྒོ་མོ། ཕོར་ཁུང་བཀྲ་ཤིས་རྟགས་བརྒྱད། སྒྱེད་ཁུང་སྟག་སེང་ཁ་སྤྲོད། ཟ་མ་མོ་ཡི་བླ་དོང་། གོ་དོང་མེ་མ་འོད་ཆེམས། སྐྱེས་པ་ཕོ་ཡི་བླ་ཤིང་། གོ་གཡོག་ཙན་དན་དཀར་དམར། འཛམ་གླིང་ཞི་བའི་རྒྱན་མཆོག། གོ་ར་སྟག་ཤུག་ཁ་སྤྲོད། ཐབ་གདན་མི་འགྱུར་གཡུང་དྲུང་རབ་བརྟན། ཡ་ཐབ་འབྲུ་སྣ་ལྔའི་རྒྱ་གྲམ། མ་ཐབ་གཡུང་དྲུང་གཡས་འཁྱིལ་སོགས་ཐབ་ཆེན་རྣམ་བཤད་ནོར་བུ་མེ་འབར་ཞེས་བྱ་བའོ། །