༄༅།།མཐོ་སྒང་གི་མཛེས་སྡུག།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-04


ཤར་རིའི་རྩེ་ནས་མ་རྒད་མདངས་མཚུངས་འོད་ཀྱི་དྲ་བ་ཀུན་ནས་འཕྲོ། །

གནམ་སའི་བར་ཐག་རྒྱན་དུ་བསྟར་པའི་དབྱར་གྱི་ལང་ཚོའི་མཛེས་སྡུག་ངོམས། 

བར་སྣང་དབྱིངས་སུ་ཁ་དོག་རྣམ་བཀྲའི་ཆུ་འཛིན་གདུགས་ཀྱི་གུར་ཁྱིམ་ཕུབ། །

སུམ་རྩེན་འཇིག་རྟེན་ས་ལ་འཕོས་ཞེས་གྲགས་པའི་དབྱར་གྱི་རྔ་ཆེན་ལྡིར། །

 

གསེར་ལྡན་མཐོ་སྒང་གཡུ་གཞོང་སྔོན་པོའི་དྲི་ཞིམ་ཐུལ་བའི་མེ་ཏོག་ཚོམ། །

ལྗང་མདོག་ལོ་མས་ཐགས་སུ་བྲེས་པའི་ས་ལའི་འཁྲི་ཤིང་ནགས་ཀྱི་ཚལ། །

ལྷུང་ལྷུང་བཞུར་བའི་དྭངས་བསིལ་འབབ་རྒྱུན་ཡན་ལག་བརྒྱད་ལྡན་པདྨའི་རྫིང་།།

ངང་པ་དགའ་བའི་གར་གྱིས་རྩེན་ཞིང་མགྲིན་བཟང་རྫ་རྔ་ཡང་ཡང་བཀྲོལ། །

 

ནམ་མཁའི་མཐོངས་སུ་ཆུ་འཛིན་དོག་པས་མུ་ཏིག་ཕྲེང་བའི་དོ་ཤལ་གཏོར། །

འཇུག་པ་བརྒྱ་ཡི་གློག་གི་ཞགས་པས་འདོད་ལྡན་རྨ་བྱ་གར་ལ་བྲེལ། །

ཟླ་བའི་ལྷ་མོ་ངོ་ཚས་སྐྱེངས་པའི་བྱད་བཞིན་རི་བོང་གཟུགས་ཀྱིས་སྒྲིབ། །

དལ་འགྲོ་བུ་མོའི་ལུས་ཀྱི་ལྡེམ་འགྱུར་འཛུམ་པའི་རླབས་ཕྲེང་མཁའ་ལ་གཡོ།།

 

གངས་ལྗོངས་གོ་ལའི་ཡང་རྩེར་འཆར་ཀའི་ཉི་འོད་སྟོང་གི་གཟི་འབར་བས། །

གསར་སྐྱེས་གཞོན་ནུའི་སྙིང་ལ་ཉལ་བའི་མུན་པ་སྟུག་པོར་དྲུང་འབྱིན་པར། །

ཟབ་དོན་རྒྱ་མཚོའི་དབྱིག་གི་ནོར་བུས་རྨོངས་པའི་མུན་པ་གཏན་བཅོམ་ནས། །

དེང་འདིར་ཤེས་བྱ་རྒྱ་མཚོ་གླིང་ནས་རིག་པའི་འཕྲུལ་གྱིས་དགའ་སྟོན་འགྱེད། །

 

ལོ་བརྒྱ་སྲིད་པ་གསུམ་གྱི་ཏང་འཛུགས་དུས་ཀྱི་ཕོ་ཉའི་སྙན་འགྱུར་ལས། །

ཐོས་འཛིན་འདབ་བརྒྱ་ལྷན་ཅིག་བཞད་པའི་སྦྲང་རྩིའི་བཅུད་དུ་སྨིན་གྱུར་ཏེ།།

གོ་ལའི་ཁྱོན་འདིར་མི་རིགས་སོ་སོའི་རྐང་པ་དྲུག་པའི་བརྟུལ་ཞུགས་ཀྱིས། །

དགའ་མགུ་རངས་བས་ཡིད་ཀྱི་དྭངས་བ་མཉམ་དུ་འདྲེན་པའི་དགའ་སྟོན་སྤེལ།།

 

མི་རིགས་མཐུན་སྒྲིལ་མཛའ་མཐུན་མཉམ་གནས་ཁྱིམ་རྒྱུད་གཅིག་གི་སྤུན་ཟླ་ཡིས།།

མཛའ་བརྩེའི་མེ་ཏོག་གཉམ་དུ་བཞད་ཅིང་ཆབ་དཔལ་རིག་གསུམ་འཕེལ་གྱུར་ནས། །

སྲོལ་རྒྱུན་གསར་གཏོད་རིག་པའི་སྲོག་གིས་ཡུན་རིང་འཚོ་ཞིང་ཤིས་གྱུར་ཏེ། །

ཚན་རྩལ་དཔྱོད་ཤེས་རིག་པའི་ཀློང་ནས་འཕེལ་རྒྱས་གོམ་སྟོབས་མྱུར་ཕྱིན་ཤོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1