༄༅།།སློབ་ཐོན་གྱི་དུས་མཚམས་འདིར། རྒྱན་གོས་ཀྱི་ལེགས་སྐྱེས་ཕུལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 07-05


2024ལོའི་སློབ་ཐོན་སློབ་མའི་སློབ་ཐོན་གྱོན་ཆས་ཇུས་འགོད་འགྲེམས་སྟོན་ལྷ་སར་བྱས་ཤིང་། ད་ཐེངས་ཀྱི་གྱོན་ཆས་འགྲེམས་སྟོན་ལ་ཕུལ་བྱུང་སློབ་ཐོན་སློབ་མས་གསར་དུ་བཟོས་པའི་གྱོན་ཆས་བརྩམས་ཆོས་གཅིག་ཏུ་སྟོན་ནས་གྱོན་ཆས་ཇུས་འགོད་ཁྱབ་ཁོངས་ཀྱི་གསར་དར་སྟོབས་ཤུགས་དང་འཛད་མཐའ་མེད་པའི་ནུས་པ་མངོན་པར་བྱས་ཡོད།

སྙན་ཆ་དོད་པའི་རོལ་དབྱངས་དང་། ཁྲ་ཆེམ་ཆེམ་གྱི་གློག་འོད། ལང་ཚོའི་བཀྲག་མདངས་མངོན་པའི་གོམ་སྟབས་བཅས་ལས་འགྲེམས་ཁུལ་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་། མོ་ཐྲོལ་གྱི་ལུས་ལ་གྱོན་པའི་སྤུས་ཀ་ལེགས་ཤིང་ལྟ་བས་མི་ངོམ་པའི་རྒྱན་གོས་དེ་དག་ནི་སློབ་མ་ཚོས་སེམས་ནུས་ཡོད་རྒུ་བཏོན་ནས་བཟོས་པ་ཤ་སྟག་ཡིན་ལ། སློབ་མ་ཚོས་བརྗོད་བྱ་མི་འདྲ་བར་དམིགས་ནས་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་དྲས་གཏུབ་དམིགས་བསལ་ཆེ་བ། ཚོས་གཞི་སྤེལ་སྟངས་རྒྱུན་སྲོལ་ལས་བརྒལ་བ་བཅས་ཀྱི་ཐོག་ནས། རང་ཉིད་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་གྱིས་ཕྱུག་པའི་གྱོན་ཆས་ཇུས་འགོད་གསར་བཟོ་བྱས་ཡོད། དེ་དག་ལས་གྱོན་ཆས་བརྩམས་ཆོས་ཁ་ཤས་སྲོལ་རྒྱུན་རིག་གནས་རྨང་གཞིར་འཛིན་པའི་ཐོག་དེང་རབས་ཀྱི་རྒྱུ་ཆ་མཉམ་དུ་བསྲེས་ནས་རིག་གནས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་མངོན་པར་བྱས་ཡོད། བརྩམས་ཆོས་ཁ་ཤས་ནི་མ་འོངས་ཚན་རིག་ལག་རྩལ་ནང་དོན་གཙོ་བར་བྱས་ནས་ཚན་རྩལ་འཕྲུལ་གྱི་སྣང་བ་ལྡན་པའི་དར་སྲོལ་གྱི་ཉམས་འགྱུར་མངོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སློབ་ཐོན་གྱོན་ཆས་ཇུས་འགོད་འགྲེམས་སྟོན་ལེགས་གྲུབ་ཡོང་ཆེད། སློབ་མ་ཚོས་མཛུབ་སྟོན་དགེ་རྒན་གྱི་ཁྲིད་སྟོན་འོག་གྲ་སྒྲིག་ཟླ་བ་ཁ་ཤས་བྱས་པ་རེད། བརྒྱུད་རིམ་དེར་ཁོང་ཚོས་རྒྱུན་ཆད་མེད་པར་རང་ཉིད་ལས་རྣམ་པར་རྒྱལ་ནས་འདས་ཟིན་པའི་ལོ་གསུམ་རིང་གི་སློབ་སྦྱོང་དང་འཚོལ་ཞིབ་ཀྱི་གྲུབ་འབྲས་ངོམས་སྟོན་བྱས་ཏེ་སློབ་ཁང་དུ་སྦྱངས་པའི་ཤེས་བྱ་དང་ལག་ལེན་དངོས་ཟུང་འབྲེལ་ལེགས་པར་བྱས།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཁྲན་ཧྥེ་ཡིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་སློབ་ཐོན་སློབ་མའི་གྱོན་ཆས་ཇུས་འགོད་འགྲེམས་སྟོན་ནི་སློབ་གླིང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་པའི་སྟེགས་བུ་ཞིག་ཡིན་ལ། སློབ་གླིང་གི་མཛེས་དཔྱད་མི་སྐྱོང་གི་བསམ་བློ་དངོས་སུ་ལག་ལེན་བསྟར་བ་ཞིག་ཀྱང་རེད། དེས་མ་ཟད་གྱོན་ཆས་ཇུས་འགོད་དང་འཁྲབ་སྟོན་ཚན་ཁག་གི་སློབ་ཐོན་སློབ་མའི་ཡར་བརྩོན་གྱི་སྙིང་སྟོབས་ཀྱང་མངོན་ཡོད། སློབ་མ་ཚོས་མ་ཡུམ་སློབ་གྲྭའི་རེ་བ་དང་སྨོན་འདུན་བཟང་པོ་སེམས་སུ་བཅངས་ནས་དེ་བས་རྒྱ་ཆེ་བའི་མི་ཚེའི་ལམ་བུར་སྐྱོད་ངེས་རེད།

པར་ངོས་འདིའི་པར་ཚང་མ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་2024ལོའི་སློབ་ཐོན་སློབ་མས་ཇུས་འགོད་བྱས་པའི་གྱོན་ཆས་ཡིན་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1