གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ལྷ་རྟ་མགྲིན་དམར་པོ་མཐུ་སྟོབས་ཅན། །
ལྡོང་མ་བཞིའི་གླུ་ལ་ལེན་གྲོགས་མཛོད། །
ས་འདི་ས་ངོ་མ་ཤེས་ན། །
ཐང་དམར་པོ་བཞི་ལིང་གོང་བ་རེད། །
ང་དང་ང་ངོ་མ་ཤེས་ན། །
སྲིབ་པ་ཁོག་མོ་རོག་རྫོང་ཞེས། །
དབྱར་དགུན་མེད་པར་ཁ་བ་འབབ། །
སྟོན་དཔྱིད་མེད་པར་བུ་ཡུག་འཚུབ། །
ལྷ་བྱ་གོང་མོས་གཤོག་གུར་ཕུབ། །
འདྲེ་བྱ་སྲེག་པས་ཚ་འདྲོགས་གཏོང་། །
མི་མིང་བོས་ན་འདྲེ་མོ་ལངས། །
ཁྱི་མིང་བོས་ན་ཝ་མོ་བརྒྱལ། །
གླིང་ཇོ་རུས་བགོས་པའི་ས་ཆ་ཡིན། །
རྟ་འདོ་བ་ལོ་དགུ་མ་ལོན་བར། །
རྟེའུ་ཆུང་མི་འཁྲུངས་ས་ཆ་ཡིན། །
འབྲི་ཟལ་མོ་ལོ་དགུ་མ་ལོན་བར། །
བེའུ་ཆུང་མི་སོས་ས་ཆ་རེད། །
ལུག་གཡང་དཀར་ལོ་བདུན་མ་སོང་བར། །
ལུ་གུ་མི་འབྱུང་ས་ཆ་ཡིན། །
སྡུག་ཇོ་རུས་བགོས་པའི་ས་སྐལ་ཡིན། །
སྡུག་ཡོད་ཀྱང་གཞན་ལ་སྤོ་དབང་མེད། །
མཁར་གཅིག་ལ་མིང་གཉིས་ཐོགས་ལེ་དེ། །
ཡིན་ཐག་ཆོད་དཀར་མོ་ལྕུག་དཀྲིས་ཡིན། །
མིང་འབོད་པ་ཕོ་རོག་སྙིང་རྫོང་ཟེར། །
དཀར་མོ་ལྕུག་དཀྲིས་ཟེར་དབང་མེད། །
གྲལ་སྒྲིག་སྟེང་ཨ་མགོ་འདེགས་དབང་མེད། །
གཏམ་ཚིག་གསུམ་ཁ་སྒོ་བཤད་དབང་མེད། །
ལྡོང་མ་བཞིའི་དཔོན་པོ་ཁྲོ་ཐུང་ཡིན། །
དཔོན་པོ་གུར་དཀར་རྒྱལ་པོ་ལགས། །
ཧོར་ཨ་དཀར་རྒྱ་ལམ་བསྲུངས་བསྲུངས་ནས། །
མིག་ཁྲ་ཆུང་བལྟས་འགྲིབ་ཁུར་ལེ་ཡོད། །
ཧོར་སེར་ཡིད་ལ་བསམ་བསམས་ནས། །
སེམས་གངས་དཀར་ཞེ་རྩ་བཅད་ནས་བྱུང་། །
ཁྱོད་སེར་པོ་ཧོར་གྱི་ལས་དམག་དེ། །
ཤར་ཁྲ་བོ་གླིང་ལ་ཨེ་ཡོང་བསམ། །
ན་ནིང་མི་ཡོང་ཅི་ཚུགས་ཡིན། །
དུས་ད་ལོ་བྱུང་བ་ངོ་མཚར་ཆེ། །
བྱ་ཐན་བསེ་བོ་ཉུལ་མ་བྱུང་། །
མཇུག་སྒྲོ་གླིང་ལ་ངོམ་དུས་ནས། །
ཧོར་ཚུར་འོང་ཡིན་པ་ཤེས་ནས་བྱུང་། །
ཁ་དགའ་འཛུམ་གྱིས་བཀང་ནས་བྱུང་། །
སེམས་སྐྱིད་ཁོག་ལ་མི་ཤོང་ངོ་། །
དེ་རིང་ཉི་མའི་གདོང་གང་ལ། །
གླིང་མི་ཡོད་མི་ཁྲལ་འཇལ་དགོས་ཏེ། །
རྟ་ཡོད་རྟ་ཁྲལ་འཇལ་དགོས་ཏེ། །
མ་བསྡད་ཇག་ལ་ཡོང་དགོས་བྱུང་། །
བསམ་པ་གུར་དཀར་ཨེ་མཇལ་བསམ། །
མ་ཡིན་དགུ་ཡིན་བྱས་ནས་ཐོན། །
བློ་འཁྲུལ་བ་གུ་ཡངས་མདུན་ནས་བཤགས། །
དེ་རྗེས་ཉི་མ་ཚུན་ཆད་ལ། །
ཁྱོད་གུར་དཀར་སྟག་ཞུ་རྒྱལ་པོ་དང་། །
ང་མ་བཞི་དཔོན་པོ་ཁྲོ་ཐུང་གཉིས། །
མི་གཉིས་གངས་དཀར་སེམས་དེ་གཅིག །
ཆོས་བསྟན་པ་གྲུ་བཞི་གཅིག་ལ་བྱེད། །
ཚེ་ཕྱི་མ་འཇིགས་པའི་མནའ་གཅིག་འཇོག །
ད་ལྟ་འཇིགས་པའི་འབའ་ཡིག་འཇོག །
གླིང་དཀར་པོའི་ཕ་ཆོས་གྲུ་བཞི་དེ། །
ཕྱི་བཤིག་སྟ་རེ་གུར་དཀར་གྱིས། །
ནང་བཤིག་སྟེའུ་ང་རང་བྱེད། །
དགྲ་སྣེ་གསོན་ཁྲིད་ང་ཡིས་བྱེད། །
མཁར་སེང་ཕྲུག་བཙན་ཡང་སླ་མོ་ཡོད། །
ཁོ་རྒྱ་ཚ་རྒོད་ཀྱང་གླེན་རྒོད་ཡིན། །
གླེན་ཨུ་ཚུགས་རང་སྲོག་སྐྱེལ་ནས་ཡོང་། །
སྤྱི་དཔོན་རྒོད་ཀྱང་ན་སོ་ཆེ། །
བུ་སྣང་ངུ་སང་ཉིན་ཇག་ལ་གཏོང་། །
རྟ་ཁྲ་ཁྱུ་ཡར་ལ་འདེད་དུ་ཆུག །
ཧོར་ཤན་རྒོད་གཉིས་གསུམ་ར་མདར་ཐོངས། །
མགོ་དར་འཕྲུ་ཤ་ལེ་ཨེ་ཐུབ་ལྟོས། །
གླིང་ཚུར་ལ་མ་གཏོང་གུར་དཀར་དཔོན། །
གཞན་མ་དཔའ་བརྟུལ་སུམ་ཅུ་དེ། །
ཕྱི་བལྟས་ཨ་ལོང་བསྐོར་བསྐོར་ཏེ། །
ནང་བལྟས་ཁ་ཁ་སོ་སོ་ཡིན། །
དེ་རྗེས་ཉི་མའི་རྒྱབ་རོལ་ནས། །
ཧོར་སེར་པོ་མཚན་འགྲིམ་གྱིས་ལ་ཤོག །
རྨ་ཉིན་གུར་གྱིས་ཁེངས་པར་གྱིས། །
དེ་ནས་ཅི་དགོས་ལྟ་དཔྱད་བྱེད། །
བློ་མ་ཤེས་བློ་སྟོན་ཨ་ཕོས་བྱེད། །
དེ་རིང་ཉི་མའི་རྟིང་མ་ལ། །
ང་གླིང་དཔའ་བརྟུལ་སྔོན་ལ་སྟོན་རྒྱུ་གཅིག །
རྟ་ཁྲ་ཁྱུ་འགའ་ཙམ་བསྐུར་རྒྱུ་གྱིས། །
དེ་རྗེ་ག་ལེ་གུ་ལེ་གྱིས། །
ཁྱོད་གུར་དཀར་བསམ་དོན་འགྲུབ་ངེས་ཡོང་། །
འབྲུག་མོ་རྒྱ་མཚོ་རང་འཁོར་ཡིན། །
བྱེས་སོང་འགོག་ཚ་བྱུར་རུ་དེ། །
ཨེ་ཡོད་མི་ཡོད་ཕྱེད་ཁ་ཡིན། །
ཡོད་ན་ཕ་གཅིག་ཁེར་འགྲོས་དེས། །
ཧོར་སེར་པོར་ཅི་ཡང་ནུས་པ་མེད། །
ཁྱོད་དཔོན་པོ་གུར་དཀར་མི་དགོས་ཏེ། །
ང་ཁྲོ་ཐུང་ཡིན་ཡང་མི་སྐྲག་ལོ། །
འབུམ་པའི་རྒྱ་ཚ་ཞལ་ལུ་གཅིག །
ཚ་ཞང་འདན་མ་བྱང་ཁྲ་གཉིས། །
བུ་རྒོད་ཉ་ཚ་ཨ་བརྟན་གསུམ། །
སྟག་རོང་ཨ་ནུ་གཟིག་འཕེན་བཞི། །
ཡ་མེད་སེང་སྟག་ཨ་དོམ་ལྔ། །
ཆོས་ལུ་བུ་ཡི་དར་འཕེན་དྲུག །
སྒ་སྡེ་ཆོས་སྐྱོང་བེར་ནག་བདུན། །
འདི་བདུན་ནམ་བྱུང་དོགས་ཟོན་དགོས། །
མི་དུ་སོད་མ་ཡིན་དེ་གསོད་ཡིན། །
གུར་དཀར་དཔོན་ལ་སྡང་ངེས་ཡིན། །
དེ་བས་དགའ་དེ་ཅི་འདྲ་བྱེད། །
དེ་བས་སྐྱིད་དེ་ཅི་འདྲ་བྱེད། །
དེ་བསམས་ན་གུར་དཀར་ཐུགས་ལ་ཞོག །
གླུ་འཁྲུལ་བ་སོང་ན་མཐོལ་ལོ་བཤགས། །
ངག་འཆལ་བ་སོང་ན་བཟོད་པར་གསོལ། །