ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སི་ཁྲོན་གྱི་བོད་འབྲེལ་ཁུལ་དང་རྫོང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་མཐའ་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་བོད་རིགས་སྤུན་ཟླར་ཐུགས་ཁུར་གནང་ལུགས་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
སྤྱི་ཚེས་1ནས་3ཉིན་བར། ཝང་ཧུའུ་ཉིང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་དང་། སློབ་གྲྭ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། འདམ་ར་སྲུང་སྐྱོང་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་ཕེབས་ནས་སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་དང་། གེ་སར་ནས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་། ཧུང་ཡོན་རྫོང་རི་རྒན་ཆོ་རྩྭ་ཐང་འདམ་ར། རྔ་བ་རྫོང་གཅའ་རོ་གྲོང་རྡལ་རཱ་རོ་གྲོང་ཚོ། རྔ་བ་རྫོང་སློབ་འབྲིང་། བོད་བརྒྱུད་ནང་བསྟན་གྱི་འབྲེལ་ཡོད་དགོན་སྡེ་སོགས་ལ་རྟོག་ཞིབ་གནང་བ་དང་། མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་ནས་བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཆོས་ལུགས་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། སི་ཁྲོན་གྱིས་བོད་འབྲེལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པས། བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟབ་ཏུ་གཏོང་དགོས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་མཐོའི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་བཅས་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱ་ཁྱབ་སྤེལ་བ་དང་མི་རིགས་ས་ཁུལ་དང་ལྷག་པར་དུ་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་ཝང་ཧུའུ་ཉིང་གིས་ད་དུང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་འཛུགས་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་ད་དུང་དཀར་མཛེས་རྫོང་དང་། རྔ་བ་རྫོང་། ཧུང་ཡོན་རྫོང་བཅས་ཀྱི་སྲིད་གྲོས་སུ་ཕེབས་ནས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་པ་རེད།
ཧྲི་ཐའེ་ཧྥེང་མཉམ་དུ་བརྟག་ཞིབ་ཕེབས། །