ལྕགས་ཟམ་ཁ་ནས་ཁྲོན་བོད་གཞུང་ལམ་ཉིན་བརྒྱད་ཆད་ཚུལ་ལས་བགྲོས་པའི་གཏམ།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 07-12


སྔོན་ཆད་ཁྲོན་བོད་གཞུང་ལམ་ཆད་ནས་ཉིན་མཚན་གཉིས་གསུམ་རིང་རླངས་འཁོར་བཀག་འགྲོ་བ་ནི་ཟ་མ་དུས་གསུམ་ཟ་བ་ལྟ་བུའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། ལོ་ལྟར་སྤྱི་ཟླ་བདུན་པ་ནས་བརྒྱད་པའི་ནང་དུ་ཆར་ཆུ་འབེལ་བའི་སྐབས་སུ་ག་ས་གར་རི་ཉིལ་བ་དང་། ལམ་ཆད་པའི་གནས་ཚུལ་གང་མང་འབྱུང་བཞིན་ཡོད།

དེ་ལས་ཆེས་བག་ཆགས་ཟབ་ཤོས་ནི་༡༩༩༢ལོར་ལྕགས་ཟམ་ཁའི་ལན་ཚའེ་ཝན་དུ་རི་ཉིལ་ནས་ཁྲོན་བོད་གཞུང་ལམ་ཉིན་བརྒྱད་ཙམ་བཀག་པའི་གནས་ཚུལ་དེ་ཡིན།

སྤྱིར་ལོ་ལྟར་ལན་ཚའེ་ཝན་ལམ་དུམ་མདུན་གྱི་རྒྱལ་མོ་དངུལ་ཆུ་དྲག་ཏུ་འབྲུབ་པ་དང་། རྒྱབ་ཀྱི་རི་ངོས་གཟར་པོ་ཡོད་པས་རྡོ་འགྲིལ་བ་དང་གད་པ་ཆད་བཞིན་ཡོད། ཉིན་ཕྱེད་དང་ཉིན་རེར་ཙམ་རླངས་འཁོར་བཀག་འགྲོ་བ་ནི་རྒྱུན་མཐོང་གི་གནས་གནས་ཚུལ་ཞིག་ཡིན། འོན་ཀྱང་། ༡༩༩༢ལོའི་ཟླ་༧པར་དྲག་ཆར་ཉིན་མང་བབས་རྗེས་ལན་ཚའེ་ཝན་གྱི་རི་ཕྱེད་མར་ནུད་ནས་གཞུང་ལམ་འགག་པར་མ་ཟད། ལྕགས་ཟམ་ཁའི་ཨར་འདམ་བཟོ་གྲྭ་ནས་བདེ་ཝའེ་བར་སྤྱི་ལེ་དགུ་ཙམ་གྱི་གཞུང་ལམ་དུམ་བུ་མང་ལོ་ཆད་ནས་ཉིན་བརྒྱད་ཙམ་རླངས་འཁོར་མི་ཐར་བ་གྱུར་པ་རེད།

སྐབས་དེར་ང་རང་བཟའ་མི་གཉིས་དོན་ཆེན་ཞིག་གི་དབང་གིས་ཁྲེང་ཏུའུ་ལ་འགྲོ་དགོས་ཀྱང་ལྕགས་ཟམ་ཁར་སླེབས་དུས་ལམ་ཆད་ནས་རླངས་འཁོར་མང་པོ་བཀག་འདུག །འགྲུལ་པ་ཚོས་ཅ་ལག་ཁུར་ནས་ལམ་མེད་པའི་ལན་ཚའེ་ཝན་གྱི་རི་ངོས་འཛེགས་ནས་རྒྱང་བསྐོར་བྱེད་བཞིན་འདུག །

ངེད་གཉིས་ཀྱིས་ད་དུང་བུ་མོ་ལོ་གཅིག་ཅན་ཞིག་དང་ཅ་ལག་ཁུག་མ་ཁ་ཤས་ཁུར་ནས་ལམ་མེད་པའི་རི་མགོར་འཛེགས། རི་ངོས་ཧ་ཅང་གཟར་བས་གལ་ཏེ་ཤིང་དང་རྩྭ་སོགས་ལ་ལག་པས་དོ་དན་མ་འཛིན་ན་རྒྱལ་མོ་དངུལ་ཆུའི་ནང་ལྷུང་འགྲོ་བའི་ཉེན་ཁ་ཆེན་པོ་འདུག །ད་དུང་ཆར་པ་ཡང་འབབ་བཞིན་འདུག་པས་ཡར་གོམ་པ་རེ་སྤོས་ན་མར་གོམ་ཕྱེད་ཙམ་ཤུད་བཞིན་འདུག །ཆུ་ཚོད་གཉིས་ཙམ་ལ་བརྒྱབ་རྗེས་ཕར་གའི་ལམ་སྣེའི་རླངས་འཁོར་ཡོད་ས་ཐོན་སོང་། དེ་ན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་སྤྱི་གཉེར་ཁང་གི་རླངས་འཁོར་ཁ་ཤས་འདུག་པས་ཨེར་ལང་རི་བོའི་ལ་ཕར་རྒྱབ་ཏུ་སྐྱེལ་སོང་། ཡང་ཨེར་ལང་རི་བོའི་ལ་རྒྱབ་ནས་ཞིན་ཀུའུ་བར་གཞུང་ལམ་དུམ་བུ་གཉིས་ཙམ་ཆད་འདུག་པས་ལམ་ཆད་མཚམས་ནས་རྐང་ཐང་དུ་ལེ་དབར་ཁ་ཤས་སོང་རྗེས་ཡང་ལམ་དུམ་ཁ་ཤས་སུ་སྐྱེལ་འདྲེན་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་རླངས་འཁོར་འདུག་པས་ལམ་ཆད་མཚམས་བར་ཕར་སྐྱེལ་ཚུར་སྐྱེལ་བྱེད་བཞིན་འདུག །དེ་ནུབ་མཚན་མོའི་ཆུ་ཚོད་དང་པོ་ཙམ་ལ་གཞི་ནས་ཞིན་ཀུའུ་རུ་ཐོན་སོང་། དེ་མན་ཆོད་རླངས་འཁོར་ཐར་བཞིན་འདུག །

སྐབས་དེར་ཁྲོན་བོད་གཞུང་ལམ་གཡག་རྔ་ནས་དར་མདོའི་བར་ལེ་དབར་བརྒྱ་ལྷག་གི་ལམ་དུམ་འདི་ཆད་ཐེངས་དུ་ཙམ་བྱུང་བ་དང་། ཡང་ལས་བསྐྱར་ལས་ཐེངས་དུ་ཙམ་བྱས་ཡོད་པ་སུས་ཀྱང་བརྩིས་ཐེབས་རྒྱུ་མ་རེད་སྙམ།

རང་གི་སྣང་ངོ་ལ་གཡག་རྔ་ནས་དར་མདོའི་བར་མྱུར་བགྲོད་གཞུང་ལམ་མ་ཐོན་པའི་སྔོན་དུ་ལམ་ཆད་པ་དང་། ཡང་ན་ལམ་ཉམས་གསོ་བྱེད་པ། ཡང་ན་སྣུམ་ལམ་ཡང་བཀོད་བྱེད་པ་སོགས་མདོར་ན་འགྲོ་འདུག་མི་བདེ་བའི་སྣང་ཚུལ་ཟབ་མོ་ཞིག་སྟེར་བཞིན་ཡོད།

འགྲིམ་འགྲུལ་ནི་མི་རིགས་འགྲོ་འོང་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བདེ་འཇགས་ཀྱི་འགག་རྩ་ཡིན་པས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པས་སྔ་ཕྱི་བར་གསུམ་དུ་འགྲོ་སོང་མང་པོ་བཏང་ནས་གཞུང་ལམ་དང་ཟམ་པའི་ཚད་ཇེ་མཐོར་བཏང་ཡོད། ལྷག་པར་དུ་ཨེར་ལང་རི་བོའི་ཕུག་ལམ་དང་། ལྕགས་ཟམ་ཁའི་ཁམས་པའི་ཟམ་ཆེན་བརྒྱབ་རྗེས་གཡག་རྔ་ནས་ལྕགས་ཟམ་ཁའི་བར་འགྲིམ་འགྲུལ་ཇེ་ལེགས་ཆེན་པོ་བྱུང་ཡོད།

དེ་རྗེས་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་ལས་ཐུབ་པ་དེས་དོན་དངོས་ཐོག་འགྲིམ་འགྲུལ་སྟབས་མི་བདེ་བའི་གནས་ཚུལ་རྩ་བ་ནས་ཐག་གཅོད་བྱུང་ཡོད།

དེང་སྐབས་དར་མདོ་རུ་ལས་ཀ་སྒྲུབ་མཁན་ཚོ་གཟའ་མཇུག་ལྟ་བུ་ལས་ཀ་གྲོལ་རྗེས་རང་གིས་རླངས་འཁོར་བསྐོར་ནས་ཁྲེང་ཏུའུ་རུ་གཟའ་མཇུག་རོལ་ཞིང་། གཟའ་ཟླ་བའི་ཞོགས་པ་ཡར་དར་མདོར་ཡོང་ན་ལས་ཀའི་དུས་ཚོད་ཀྱི་རྗེས་ཟིན་གྱི་ཡོད་པས་ཧ་ཅང་སྟབས་ཡིན་པ་རེད་ལ། འགྲིམ་འགྲུལ་དར་རྒྱས་ཆེ་བའི་དུས་རབས་འདིར་རི་ཆུ་བརྒྱ་སྟོང་དང་ལེ་དབར་བརྒྱ་ཕྲག་ནི་རྒྱང་ཐག་རིང་པོ་ཞིག་རེད་མི་འདུག་སྙམ།

འགྲིམ་འགྲུལ་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས་ཁྲོན་བོད་གཞུང་ལམ་གྱི་འགྲིམ་འགྲུལ་སྟབས་ཇེ་བདེ་ཇེ་ལེགས་བྱུང་བ་དང་བསྟུན་ནས་གཞུང་ལམ་འགྲམ་བརྒྱུད་ཀྱི་རྫོང་ཁག་སོ་སོའི་རྨང་གཞིའི་འཛུགས་སྐྲུན་དང་། མི་སེར་གྱི་སྡོད་ཁང་དང་འཚོ་བ་སོགས་ལའང་འཕོ་འགྱུར་རླབས་པོ་ཆེ་བྱུང་ཡོད་པ་ནི་མིག་མཐོང་ལག་ཟིན་རེད་འདུག་སྙམ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1