རྒྱལ་ཁབ་བསྡོམས་རྩིས་ཅུས་སི་ཁྲོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་མཛོད་དགེ་རྫོང་དུ་སྡོད་དམངས་ཀྱི་གཏོང་ཡོང་དང་སྒོ་ཕྱུགས་དང་ཁྱིམ་བྱར་རྟོག་ཞིབ་ལས་དོན་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 07-12


སྤྱི་ཟླ་7པའི་ཚེས་9ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་སི་ཁྲོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་རུ་དཔོན་གཞོན་པ་ལི་ཧྲི་ཀང་དང་བཅས་པ་རྒྱལ་ཁབ་བསྡོམས་རྩིས་ཅུས་རྔ་བ་བརྟག་དཔྱད་རུ་ཁག་གི་ཏང་ཙུའུ་ཡི་ཧྲུའུ་ཅི། རུ་དཔོན་ཁུང་ཀུའེ་ཆིང་གིས་འགྲོ་རོགས་འོག །མཛོད་དགེ་རྫོང་དུ་དུད་ཁྱིམ་བརྟག་དཔྱད་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ལྟ་ཞིབ་ཚད་ལེན་གྱི་རྟོག་ཞིབ་ལས་དོན་སྤེལ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཞུས་ཀྱིས་རྟོག་ཞིབ་ཁྲོད་འགྲོ་རོགས་གནང་། 

དུད་ཁྱིམ་བརྟག་དཔྱད་ཐད་རྟོག་ཞིབ་ཚོ་ཆུང་མཛོད་དགེའི་ཐང་སྐོར་གྲོང་རྡལ་དང་རྨེ་ཆུ་ཡུལ་ཚོ་སོགས་སུ་བསྐྱོད་ནས་རྩིས་འགོད་ཁྱིམ་ཚང་བྱམས་བརྩེའི་ཁ་བརྡ་བྱས་ཏེ། ཁོ་ཚོའི་ཁྱིམ་ཚང་གི་གཏོང་ཡོང་དང་འཚོ་བའི་གནས་ཚུལ། དེ་མིན་རྩིས་ཐོ་འགོད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ངལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་འཚམས་འདྲི་གནང་། དེ་དང་ཆབས་ཅིག་ཁྱིམ་ཚང་གི་ཉིན་རེའི་རྩིས་ཐོ་འགོད་པའི་གནས་ཚུལ་ལ་ལྟ་ཞིབ་ནན་ཏན་བྱས་ཏེ། རྩིས་ཐོའི་ཚད་ལྡན་རང་བཞིན་དང་ཆ་ཚང་རང་བཞིན། གནད་འཁེལ་རང་བཞིན་བཅས་ལ་ཞིབ་བཤེར་དང་མཛུབ་ཁྲིད་ཞིབ་ཕྲ་གནང་། དུད་ཁྱིམ་བརྟག་དཔྱད་ལས་དོན་གྱིས་སྡོད་དམངས་ཀྱི་གཏོང་ཡོང་གི་གནས་ཚུལ་ལེགས་པར་མཚོན་ནས། སྲིད་གཞུང་གིས་དམངས་འཚོའི་སྲིད་ཇུས་སྒྲིག་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་པའི་དོན་སྙིང་གལ་ཆེན་ནན་གྱིས་བསྟན།

སྒོ་ཕྱུགས་དང་ཁྱིམ་བྱའི་ལྟ་ཞིབ་ཚད་ལེན་ཐད། རྟོག་ཞིབ་ཚོ་ཆུང་གིས་ལས་དོན་མི་སྣའི་སྣེ་ཁྲིད་པའི་གསོ་སྤེལ་དུད་ཚང་མང་པོར་བཅར་འདྲི་བྱས་པ་བརྒྱུད། ས་གནས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ཁོར་ཡུག་དང་གྲངས་འབོར། སྐྱེ་འཚར་གནས་ཚུལ་སོགས་ལ་ལྟ་ཞིབ་བྱས། གསོ་སྤེལ་དུད་ཚང་དང་ཁ་བརྡ་བྱས་ཏེ་གསོ་སྤེལ་མ་ལག་དང་ཕྱིར་ཚོང་ཐབས་ལམ། ཁྲོམ་རའི་རིན་གོང་། འཕྲད་པའི་དཀའ་ངལ་དང་དགོས་མཁོར་རྒྱུས་ལོན་ཞིབ་ཕྲ་བྱས། ལྟ་ཞིབ་ཚད་ལེན་མི་སྣས་བརྟག་དཔྱད་ཇུས་གཞི་དང་ལས་ཀའི་བརྒྱུད་རིམ་ལྟར། སྒོ་ཕྱུགས་དང་ཁྱིམ་བྱའི་ལྟ་ཞིབ་ཚད་ལེན་གྲངས་གཞིའི་དོན་དངོས་རང་བཞིན་དང་། གནད་འཁེལ་རང་བཞིན། དུས་ཐོག་རང་བཞིན་བཅས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ཐེངས་འདིའི་བརྟག་དཔྱད་ལས་དོན་གྱིས་མཛོད་དགེ་རྫོང་གི་དུད་ཁྱིམ་བརྟག་དཔྱད་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་སྤུས་ཚད་སྔར་བས་མཐོ་རུ་བཏང་། ས་གནས་དེ་གའི་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་དང་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གནས་ཚུལ་མཚོན་པར་རྨང་གཞི་བརྟན་པོ་བཏིང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1