དཀོན་མཆོག་རྡོ་རྗེའི་པར་མིག་འོག་གི་སྡེ་དགེའི་ཁྲོ་ལའི་འགྱུར་བ།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 07-16


ཁྲོན་བོད་གཞུང་ལམ་གྱི་བླ་སྲོག

པར་རིས་གསར་རྙིང་ལས་སྡེ་དགེ་ཁྲོ་ལ་རི་བོའི་མི་ལོ་བདུན་ཅུའི་འགྲིམ་འགྲུལ་གྱི་འཕོ་འགྱུར་གླེང་བ།

ཁ་སང་ངེད་གངས་ལྗོངས་ཉི་གཞོན་གྱི་ཁྲོན་བོད་གཞུང་ལམ་བཅར་འདྲི་ཚོ་ཆུང་ཁྲོ་ལའི་ཕུག་ལམ་བརྒྱུད་ནས་དཔའ་བོ་ཀྲང་ཧྥུ་ལིན་དང་དམག་ཤོག་བཅོ་བརྒྱད་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་ཤིང་ཁྲོ་ལའི་ལམ་གསོ་ས་ཚུགས་ཀྱི་མི་སྣ་ཁ་ཤས་ལ་བཅར་འདྲི་བྱས་པས། སྔོན་ཆད་ང་རང་༡༩༨༧ལོར་ཕ་ཡུལ་དུ་ལོ་སར་ནས་ཕྱིར་དར་མདོར་འགྲོ་སྐབས་ཁྲོ་ལ་རུ་རླངས་འཁོར་ཉིན་མཚན་གསུམ་ཏག་ཏག་བཀག་པའི་གནས་ཚུལ་དེ་དྲན་བྱུང་ལ། དགུན་ཁ་གངས་འཁྱགས་སྟེང་དུ་རླངས་འཁོར་དག་འབུ་ནུད་ནུད་བྱས་ཏེ་ལ་རྒྱག་བཞིན་པ་དང་། ཁ་ཆར་བུ་ཡུག་གི་ནང་ནས་སྔུན་གྱི་རླངས་འཁོར་ལམ་འོག་འགྲིལ་འགྲོ་བ་དང་། ལ་ལ་སྐྱོན་ཕོག་ནས་ཉིན་མཚན་འགའ་ལམ་ཟུར་དུ་ལུས་ཡོད་པ་དག་ཀྱང་དྲན་བྱུང་།

ང་རང་གི་ཕ་ཡུལ་ནི་ཁྲོ་ལའི་ཞོལ་དུ་ཆགས་པའི་འཁོར་ལོ་མདོ་ཡིན་པས་ང་རང་ནི་ཁྲོ་ལའི་དཀའ་ཚེགས་ཀྱི་ལམ་བུ་དེ་ཅི་འདྲ་བྱས་ཏེ་བདེ་སྐྱིད་ཀྱི་ལམ་བུ་རུ་འགྱུར་བའི་འཕོ་འགྱུར་གྱི་བདེན་དཔང་བྱེད་མཁན་ཞིག་ཡིན་ཟེར་ན་མི་ཆོག་པ་མི་འདུག་སྙམ།

ཚོད་བརྩིས་ཤིག་བྱས་ན་ང་རང་༡༩༨༢ལོར་ཐེངས་དང་པོ་ཁྲོ་ལ་བརྒྱབ་ནས་བཟུང་། མི་ལོ་བཞི་བཅུ་ལྷག་གི་རིང་དུ་ཁྲོ་ལ་ཕར་ཚུར་ཐེངས་༣༠༠ལྷག་ཙམ་རྒྱེབ་མྱངས་སྙམ། ཁྲོ་ལ་ནི་ཁྲོ་ཟིལ་ཕྲོམ་རྡོ་རྗེ་གཡུང་དྲུང་ཞེས་པའི་སྡེ་དགེའི་ཕྱོགས་ཀྱི་གནས་རི་ཆེ་ཤོས་དང་ང་ཚོའི་བླ་རི་ཡང་ཡིན་པ་དང་། གནས་རི་དེ་ལ་གངས་རི་དང་མཚོ་མོ་བརྒྱ་དང་བརྒྱད་ཀྱིས་བསྐོར་ཞིང་ད་དུང་སྦས་སྡེ་ཡོད་པ་སོགས་ཀྱི་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཡོད་པས། ས་གནས་དེ་གའི་མི་ཚོས་དུས་རྒྱུན་གསོལ་མཆོད་གྱ་ནོམ་པ་བྱེད་བཞིན་ཡོད།

ཁྲོ་ལ་ཞེས་པའི་ཐ་སྙད་དེ་ཆུང་དུས་ནས་ངའི་རུས་པའི་གཏིང་དང་། སེམས་པའི་གསེབ། ཀླད་པའི་དཀྱིལ་དུ་ཟུག་ཟིན་པས། ང་རང་གསར་འགོད་པ་དང་འདྲ་པར་རྒྱག་རྒྱུ་དགའ་ཞེན་ཡོད་པའི་མི་ཞིག་གི་ངོས་ནས་ནམ་རྒྱུན་ཕར་འགྲོ་ཚུར་ཡོང་བྱེད་དུས་ཁྲོ་ལའི་བརྗིད་ཉམས་དང་། ཁྲོ་ལའི་ངོ་མཚར། ཁྲོ་ལའི་གཡང་གཟར། ཁྲོ་ལའི་མཛེས་སྡུག །ཁྲོ་ལའི་ལམ་གསོ་མི་སྣ་སོགས་ལོ་སུམ་ཅུ་ཙམ་གྱི་རིང་དུ་པར་དུ་བླངས་མྱངས། ད་སྐབས་ལོ་བཅུ་ཕྲག་སྔོན་དུ་བླངས་པ་དང་དེང་སྐབས་བླངས་པའི་འདྲ་པར་དག་ལ་བསྡུར་བ་རེ་བྱས་ན་དངོས་གནས་གཞུང་ལམ་གྱི་ལམ་ངོས་དང་། གཞུང་ལམ་ཐོག་གི་རླངས་འཁོར། གཞུང་ལམ་ཟུར་འགྲམ་གྱི་མི་སེར་སྡོད་ཁང་། ཐ་ན་ཟ་རྒྱུ་དང་གྱོན་རྒྱུ་ཚུན་ཆོད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་འདྲ་པར་ཐོག་ནས་ཤེས་ཐུབ།

ཁྲོ་ལ་ནི་ས་ཁད་མཐོ་ཞིང་རྫ་རི་དང་བྲག་རི། གཡང་གཟར་བཅས་ཡིན་པས། སྐབས་དེ་གཞུང་ལམ་ཐོག་མར་བསྐྲུན་མཁན་གྱི་བཅིངས་འགྲོལ་དམག་གི་དམག་ཤོག་བཅོ་བརྒྱད་པའི་དཔོན་དམག་དང་ས་གནས་དེའི་མང་ཚོགས་ཚོ་ལ་མཁའ་དབུགས་མི་འདང་ཞིང་གྲང་ངར་ཆེ་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད། ཁྲོ་ལ་རི་བོའི་གཞུང་ལམ་རྐྱང་པ་ལས་ས་ནས་མི་༣༠༠ཙམ་ཤི་མྱངས། ལམ་ལས་དཔའ་བོ་ཀྲང་ཧྥུ་ལིན་ཡང་དེ་དུས་བྲག་ལ་འབར་གས་འཇོག་སྐབས་རང་སྲོག་བློས་བཏང་བ་རེད། ཀྲང་ཧྥུ་ལིན་འདས་པའི་ཉིན་གཉིས་ཀྱི་རྗེས་ཀྱི་༡༩༥༡ལོའི་ཟླ་བ་༡༢པའི་ཚེས་༢༧ཉིན་དར་དམར་སྒྲོན་པའི་རླངས་འཁོར་ཞིག་ཁྲོ་ལ་ལ་འགོ་ནས་ཐེངས་དང་པོ་བགྲོད་པས་ཁྲོ་ལ་རི་བོའི་ཐོག་ཏུ་ཁྲོན་བོད་གཞུང་ལམ་གྱི་འཛམ་གླིང་ངོ་མཚར་བསྐྲུན།

དེ་ནས་བཟུང་ཁྲོན་བོད་གཞུང་ལམ་ཐོག་ཏུ་ཁྲོ་ལ་ཞེས་པའི་མཚན་སྙན་ཇེ་གྲགས་བྱུང་ནས་སྔོན་རྗེས་སུ་ལམ་ལས་དཔའ་བོ་ཀྲང་ཧྥུ་ལིན་དང་། ལམ་ལས་རོགས་བྱེད་མཁན་གྱི་སྔོན་ཐོན་པ་འཆི་མེད་དཔལ་སྒྲོན། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁྲེང་ཏའེ་ཧྭ། དུས་རབས་ཀྱི་མིག་དཔེ་འཆི་མེད་རྡོ་རྗེ་སོགས་སྔོན་ཐོན་མི་སྣ་མང་པོ་ཡང་ཐོན་ཡོད། ཁོ་ཚོས་ལས་རྐང་ཕལ་པའི་ཐོག་དཀའ་ངལ་ལ་མི་སྐྲག་པ། ཤི་རྒྱུ་ལ་མི་སྐྲག་པ། སྙིང་རུས་བརྩོན་ལེན། ལམ་གདན་བཟོ་ཕོད་པ། དམག་དམངས་ཁྱིམ་གཅིག །མི་རིགས་མཐུན་སྒྲིལ་བཅས“ལམ་གཉིས”སྙིང་སྟོབས་དང་ཁྲོ་ལའི་སྙིང་སྟོབས་བསྐྲུན་ཡོད།

༢༠༡༢ལོའི་ཟླ་བ་༦པར་ཁྲོ་ལའི་ཕུག་ལམ་ཕུག་རྒྱུའི་འགོ་ཚུགས་ཤིང་༢༠༡༦ལོའི་ཟླ་བ་༡༡པའི་ཚེས་༡༠ཉིན་ཁྲོ་ལའི་ཕུག་ལམ་ཕུག་ཐུབ་པ་བྱུང་བ་ནི་ཁྲོན་བོད་གཞུང་ལམ་གྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་ཆོག་པའི་དོན་ཆེན་ཞིག་རེད། 

ཁྲོ་ལའི་ཕུག་ལམ་ཕུག་ཐུབ་པ་དེས་སྤྱིར་ཁྲོན་བོད་གཞུང་ལམ་ཐོག་གི་འགྲིམ་འགྲུལ་སྤུས་ཚད་དང་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་ལ། ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས། མང་ཚོགས་འཚོ་བ་སོགས་ལ་ཕན་ནུས་གལ་ཆེན་ཐོན་ཡོད། སྔོན་ཆད་ཁྲོ་ལ་ལ་རྒྱག་པའི་ཆུ་ཚོད་གཉིས་ཙམ་དེ་ད་ལྟ་སྐར་མ་བཅུ་ཙམ་དུ་ཇེ་ཐུང་བཏང་ཡོད་པས་ས་གནས་དེ་གའི་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།

ཁྲོ་ལའི་ཕུག་ལམ་ཐོན་པ་དེས་སྡེ་དགེ་ཙམ་དུ་མ་ཟད་བོད་རིགས་མི་དམངས་ཀྱི་ལོ་བརྒྱ་སྟོང་གི་རེ་སྨོན་གྲུབ་པ་དང་། ཁྲོན་བོད་གཞུང་ལམ་བསྐྲུན་ནས་མི་ལོ་༧༠ཡི་གྲུབ་འབྲས་ཆེན་པོ་ཞིག་ཀྱང་ཡིན་པས་ལས་དོན་དེ་ཁྲོན་བོད་གཞུང་ལམ་གྱི་འཛུགས་སྐྲུན་པ་ཁྲི་༡༡གི་འབད་འཐབ་དང་ཡིད་ཆེས་བརྟན་པོ་མཚོན་ཡོད་ལ། སི་ཁྲོན་བོད་འབྲེལ་ས་ཆའི་མི་རབས་མང་པོའི་དུས་རབས་ཕྱེད་ལྷག་གི་རེ་བ་ཡང་མཚོན་ཡོད། །


རྩོམ་ཡིག་སྔོན་མ།
༄༅།།ཡར་ཀླུང་གཙང་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1