གླུ་ཐ་ལ་ཐ་ལ་ཐ་ལ་རེད། །
གླུ་ཨ་ལ་ཨ་ལ་ཨ་ལ་རེད། །
སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །
རྗེ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །
བྱིན་རླབས་དངོས་གྲུབ་མ་ཆུང་ཞིག །
འབྲལ་མེད་ཡེ་ཤེས་སྤྱན་གྱིས་གཟིགས། །
ས་འདི་ས་ངོ་མ་ཤེས་ན། །
གླིང་སྲིབ་རྨ་ཆུའི་རབ་ཁ་རེད། །
རི་ནགས་རྒྱལ་ཕྱུག་མོའི་མར་གཤམ་རེད། །
ཁྲིམས་གུར་མཐོང་བ་ཀུན་སྨོན་འདི། །
ལྷ་ཚངས་པ་དཀར་པོའི་བླ་གུར་རེད། །
གཉན་ཟུར་ཕུད་ལྔ་པའི་ཕོ་བྲང་ཡིན། །
ཀླུ་གཙུག་ན་རིན་ཆེན་འཁོར་རྟེན་ཡིན། །
གླིང་གེ་སར་རྒྱལ་པོའི་ལས་གུར་ཡིན། །
ནང་བཞུགས་མི་དགོས་མཇལ་བས་ཆོག །
ཕྱི་ན་ཆོན་ཐག་མི་དགོས་གུར། །
འཇའ་ཚོན་སྣ་ལྔའི་དྲ་བ་ཅན། །
ནང་ན་ཀ་བ་མི་དགོས་གུར། །
མེ་ཏོག་པདྨའི་སྲོག་ཤིང་ཅན། །
གུར་རྩེ་མཐོང་ན་སྡིག་པ་དག །
གསེར་ཏོག་མཐོང་ན་མངོན་སངས་རྒྱས། །
འཛམ་བུ་གླིང་གི་གཏེར་ཟོག་ཡིན། །
གོང་ན་བཞུགས་པའི་ཁྲི་དཔོན་འདི། །
མི་ཆེན་ཞལ་དཀར་ལྷ་ཡི་སྲས། །
གཡས་ན་གསེར་པའི་ཉི་མ་ཤར། །
དཔའ་སེང་གསེར་ལ་མེ་ཏོག་འཁྲུངས། །
གཡོན་ན་མུ་པའི་ཟླ་བ་དང་། །
རིན་ཆེན་དུང་གི་འབྲས་བུ་སྨིན། །
ཕ་ཁུ་གངས་རིའི་གཞོགས་ལ་བརྟེན། །
དཔའ་བརྟུལ་སེངྒེའི་རྩལ་གྱིས་བཟུང་། །
ལྷ་དམག་དགྲ་འདུལ་དཀར་པོ་རེད། །
དེ་ནས་ཚོ་ཆེན་གླིང་རུའི་སྡེ། །
ཁྲ་ཆུང་སྤྱན་དེ་མ་ཡེངས་ལྟོས། །
གངས་དཀར་སེམས་ཀྱིས་དོན་ལ་དཔྱོད། །
དར་ལུང་སྙན་གྱིས་ཚིག་ལ་ཉོན། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
སྔོ་སངས་ནམ་མཁའ་ཡངས་པ་ལ། །
སྐར་ཚོགས་ཁྲ་མོ་གྲོས་བྱས་ནས། །
སྐྱི་སེར་བ་མོ་དཔུང་ལ་བརྫངས། །
འབྲས་དཀར་རྨང་ནས་བཅོམ་བསམས་ཏེ། །
འབྱུང་བའི་དྲོས་ཀྱིས་བ་མོ་ཞུ། །
རྒྱུ་སྐར་ཡི་མུག་སྐྱེད་དོ་ཟེར། །
རི་རབ་ལྷུན་པོའི་ཁོང་གསེང་ནས། །
ལྷ་མིན་ཡུལ་ཁམས་གྲོས་བྱས་ཀྱིས། །
ནག་ཕྱོགས་བདུད་རིགས་དཔུང་ལ་བརྫངས། །
ལྷ་ཁམས་བདེ་སྐྱིད་བཤིག་བསམས་ཏེ། །
བརྒྱ་བྱིན་སྟོབས་ཀྱིས་ལྷ་མིན་ཕམ། །
ཐགས་བཟང་ཡི་མུག་སྐྱེས་དོ་ཟེར། །
བར་སྣང་མི་འགྱུར་ར་བ་ནས། །
ལྷ་སྲིན་འབྱུང་པོ་གྲོས་བྱས་ཀྱིས། །
གནམ་ལྕགས་སེར་བ་དཔུང་ལ་བརྫངས། །
མེ་ཏོག་ལོ་ཏོག་བཅོམ་བསམ་སྟེ། །
སྔགས་ནག་མཐུ་ཡིས་སེར་སྤྲིན་གཏོར། །
སྡེ་བརྒྱད་ཡི་མུག་སྐྱེས་དོ་ཟེར། །
ཨ་ཆེན་ཐང་བ་གྲུ་བཞི་ནས། །
ཡ་རྩེའི་དཔོན་བློན་གྲོས་བྱས་ཀྱིས། །
འབུམ་དམག་བཅུ་གཉིས་དཔུང་ལ་བརྫངས། །
ཤར་གླིང་ཡུལ་བྲན་ལ་བཀོལ་བསམས་ཏེ། །
དཔའ་བརྟུལ་སྟོབས་ཀྱིས་ཧོར་སེར་བཅོམ། །
གུར་དཀར་ཡི་མུག་སྐྱེས་དོ་ཟེར། །
བདེན་ཨེ་བསམ་ལྷ་དམག་དཀར་པོ་རྣམས། །
མང་མང་འབུམ་དམག་དཔུང་པ་ལ། །
ཉུང་ཉུང་གླིང་དཀར་ཕུ་ནུ་འདིས། །
བསད་བསད་ཁྲག་གིས་རྨ་ཆུ་བསྒྱུར། །
དེ་སྟེ་ལན་པོ་འཕྲོད་ལེ་ཡིན། །
དེ་རིང་ཉི་མ་ཕན་ཆད་ལ། །
བོད་ཁམས་དགུན་གྱི་ལྷགས་པས་བཟུང་། །
རི་ཉིན་སྲིབ་ཁ་བ་འབབ་རྟེན་བྱེད། །
ཆུ་ཆེ་ཆུང་འཁྱག་པའི་སྦུབས་སུ་དྲངས། །
ད་བཞུགས་མི་བྱེད་མཁར་ལ་འབྱོན། །
གླིང་ཕ་ཁུ་རི་རྒྱལ་ལྷུན་པོ་དང་། །
མ་སྲུ་མཚོ་ལ་དར་ཆགས་ཀུན། །
ཞལ་མཐུན་གླུ་ལེན་གཅིག་ལ་བྱུང་། །
སང་ཉིན་སྐྱ་རེངས་ཤར་དུས་ལ། །
དུང་རྒྱང་གྲགས་སྐད་སྙན་ཐོས་པའི་དུས། །
ཚིམ་པའི་བཟའ་བཏུང་འཕྲོད་ངེས་ཡིན། །
འཁར་རྔའི་སིང་སྒྲ་བྱུང་བའི་དུས། །
གུར་དཀར་པོ་འུར་སེ་མཉམ་བསྡུ་གྱིས། །
རྟ་ཁལ་སྒ་སྲབ་ཁྲིགས་སེ་གྱིས། །
དྲེལ་སྨུག་ཁལ་འགེལ་ཁྲིགས་སེ་ཞོག །
དུང་དཀར་སྐོར་འབུད་བྱུང་བའི་དུས། །
རུ་གསུམ་དམག་དཔུང་ཤར་གྱིས་འགྲོ། །
གཡས་རུ་འོམ་བུ་དངུལ་འཕྲུ་སོང་། །
རྟ་འུའི་མི་ཚོ་གཡས་རྒྱབ་སོང་། །
གཡོན་རུ་གསེར་པའི་འཕྲུ་སེར་འགྲིམ། །
སྒ་འབྲུ་སྐྱ་ལོ་གཡོན་གཤམ་སོང་། །
གོང་རུ་རྨུ་སྤྱང་དུང་འཕྲུ་སོང་། །
འདན་མ་ཉིན་སྲིབ་གོང་རྒྱབ་སོང་། །
རང་རང་དར་འཕྲུ་གྲ་ཚང་གྱིས། །
དམག་དར་དཔུང་རྟགས་གྲ་འགྲིག་གྱིས། །
ཁྲི་དཔོན་ཞལ་དཀར་གོང་ལ་བཞུགས། །
སྣང་ངུ་མཆེད་གཉིས་ཟུར་ནས་བརྒྱན། །
ཕ་ཁུ་ལྷུན་ཆགས་མཐའ་ནས་བསྐོར། །
རྟ་དམག་སྟོང་ཚོས་དཔུང་རྒྱབ་བསྒྲིལ། །
གསེར་པའི་ཉི་འབུམ་དཔོན་དང་གཅིག །
དར་འཕེན་དུག་གི་མིང་དང་གཉིས། །
ཡ་མེད་སེང་སྟག་ཨ་དོམ་གསུམ། །
སྐྱེན་རྒོད་འདན་མ་བྱང་ཁྲ་བཞི། །
སྒ་སྡེ་ཆོས་སྐྱོང་བེར་ནག་ལྔ། །
སྟག་རོང་ཉ་ཚ་ཨ་བརྟན་དྲུག །
ཡ་ཐའི་སྐྱེས་མཆོག་ཐར་པ་བདུན། །
མི་ཆེན་རྒྱལ་བའི་ལྷུན་གྲུབ་བརྒྱད། །
གདོང་བཙན་སྣང་ངུ་ཨ་དཔལ་དགུ། །
སྐྱ་ལོའི་ཁྱེའུ་འབྲུག་རྒྱལ་བཅུ། །
བཅོ་ལྔའི་དཔའ་གསར་ཟླ་བ་བཅས། །
མི་འཛོམས་རྟ་བཀྲག་བཅུ་གཅིག་འདི། །
ཧོར་སྒར་བསྐོར་ནས་གླིང་ཉིན་འགྲིམ། །
ཅི་གདའ་གང་བྱེད་ལྟ་རྒྱུ་བྱེད། །
དེ་ནས་གླིང་ལ་ཕྱིན་སོ་ནས། །
གཡས་ཉིན་ཐང་རྫོང་རིང་མོ་ནས། །
དཔོན་ཆུང་རིན་ཆེན་དར་ལུ་དང་། །
གྲོས་ཡ་སེང་སྟག་ཨ་དོམ་ལ། །
རྨུ་སྤྱང་ལྷ་དམག་སུམ་བརྒྱས་ཟུངས། །
སྲིབ་རྫོང་བྱེ་རི་ལྷ་རྩེ་ན། །
ཡབ་ཆེན་སེང་བློན་རྒྱལ་པོ་དང་། །
གྲོས་ཡ་འདན་མ་བྱང་ཁྲ་དང་། །
རྨུ་པའི་ལྷ་དམག་སུམ་བརྒྱ་སྡོད། །
སྐུ་མཁར་བསམ་འགྲུབ་སྟག་རྩེ་འདི། །
གོང་མ་ལྷ་ཡི་འཕྲུལ་འཁོར་རེད། །
སྒོ་སྲུང་མི་དར་སྟག་ཡུས་ཆོག །
དེ་མིན་མི་མང་དགོས་པ་མེད། །
སྟོད་རྫོང་རྒོད་ཚང་ཁ་གཡེར་ལ། །
གསེར་པའི་ཉི་འབུམ་དར་ཡག་དང་། །
ཁུ་བོ་སྤྱི་དཔོན་རྒྱལ་པོ་ལ། །
ཆེ་རྒྱུད་ཆུང་རྒྱུད་ལྔ་བཅུ་རེ། །
བརྒྱ་ཚོ་གཅིག་གི་དཔུང་པས་བསྐོར། །
བར་རྫོང་སྨུག་གུ་དགུ་སྒྲིལ་ན། །
སྟོབས་ཆེན་ཆོས་སྐྱོང་བེར་ནག་དང་། །
སྒ་སྡེ་ལས་དམག་སུམ་བརྒྱས་ཟུངས། །
སྨད་རྫོང་སྟོང་ཤོང་དཀར་མོ་ན། །
ང་ཆོས་ལུ་བུ་ཡི་དར་འཕེན་དང་། །
བཅོ་ལྔའི་དཔའ་གསར་ཟླ་བ་ལ། །
ཧྲག་བསྡུས་དམག་མི་ལྔ་བཅུས་བསྲུང་། །
རྨ་རི་བོ་དངུལ་ཆུའི་ཁྲོ་རྫོང་ན། །
ཁྲི་དཔོན་རྒྱ་ཚ་ཞལ་དཀར་ལ། །
ནང་སྐོར་འབུམ་པ་སུམ་བརྒྱ་བཞུགས། །
ཤར་གྱི་ཇ་མཁར་རིང་མོ་ན། །
སེང་ལྕམ་འབྲུག་མོ་ནེའུ་ཆུང་གཉིས། །
འོམ་བུའི་སྤྱང་ཁྲི་རྔམ་ཆེན་གསུམ། །
རྨུ་སྤྱང་ཉི་མ་ལྷུན་གྲུབ་བཞི། །
འབུམ་པའི་ཤེལ་དཀར་རྒྱང་གྲགས་ལྔ།
རྫོང་ཇ་མཁར་རིང་མོ་བསྲུང་བར་གྱིས།