༄༅། །《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》སྐོར་གྱི་གསལ་བཤད།

རྩོམ་སྒྲིག་པ།སངས་ནོར།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-22


༄༅། །《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》སྐོར་གྱི་གསལ་བཤད།

ཞི་ཅིན་ཕིང་།


བློ་མཐུན་རྣམ་པ།


ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བཀའ་མངགས་ལྟར། ངས་《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》གྱི་མ་ཟིན་བཀོད་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཞུ་རྒྱུ་ཡིན།


གཅིག ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་གཞི་གཏན་འཁེལ་སྐོར་གྱི་བསམ་གཞིགས།


ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་སྒྱུར་བཅོས་ཐད་ཇུས་འགོད་དང་བཀོད་སྒྲིག་བྱེད་པ་ནི་ཏང་གིས་སྒྱུར་བཅོས་སྒོ་འབྱེད་ལ་འགོ་ཁྲིད་བྱས་པའི་ལེགས་འགྲུབ་ཉམས་མྱོང་ཡིན། ལག་ལེན་གྱི་ཉམས་མྱོང་དང་དངོས་ཡོད་ཀྱི་དགོས་མཁོར་གཞིགས་ནས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུའི་ཐག་གཅོད་བྱས་ཤིང་། དེ་ནི་གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའ་ལ་བསམ་གཞིགས་བྱས་ཡོད་པ་སྟེ།


དང་པོ། འདི་ནི་མི་སེམས་གོང་བུར་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་ནང་། རང་རྒྱལ་གྱིས་གོམ་སྟབས་ཆེན་པོ་སྤོས་ཏེ་དུས་རབས་ཀྱི་རྗེས་ཟིན་པ་ནི་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་བྱུང་བ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེ་ཡང་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་བྱུང་བ་ཡིན། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་སྔར་བཞིན་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང་།ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་གཏན་འཁེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་སོགས་རྒྱས་བཤད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། འཐབ་ཇུས་ཀྱི་བཀོད་སྒྲིག་དེ་དག་དོན་ཐོག་ཏུ་འཁྱོལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཆར་འགོད་མངོན་འགྱུར་བྱེད་པའི་རྩ་བ་ནི། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་། ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་བྱ་རྒྱུ་དེ་ཡིན།


གཉིས་པ། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ལམ་ལུགས་འཛུགས་སྐྲུན་གྱི་གཙོ་རྐང་འདི་གཙིགས་ཆེར་བཟུང་ཞིང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ་ཕྱོགས་ཁག་གི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་གནད་སྨིན་དང་སྔར་བས་གཏན་ཆགས་བྱུང་བར་སྐུལ་འདེད། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བཅས་བྱས་ཡོད། དུས་མཚུངས་སུ་རིག་པ་དྭངས་གསལ་གྱིས་མཐོང་དགོས་པ་ཞིག་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་ཞིང་། ལག་ལེན་གོང་འཕེལ་འགྲོ་བ་དང་བསྟུན་ཏེ་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་ངེས་ཡིན་པས། ད་ཡོད་ལམ་ལུགས་རྒྱུན་ཆད་མེད་པར་ཆ་ཚང་དུ་གཏོང་དགོས་ཤིང་། ཁྱབ་ཁོངས་གསར་པ་དང་ལག་ལེན་གསར་པར་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ལམ་ལུགས་ཀྱི་སྟོང་ཆ་ཁ་སྐོང་བྱེད་དགོས། གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་དང་། ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ། རྨང་གཞི་བརྟན་གཏོང་དང་། དགེ་མཚན་དར་སྤེལ། ཆད་སྐྱོན་ཁ་གསབ། ཞན་ཆ་ཁ་སྐོང་བཅས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས།


གསུམ་པ། འདི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་སྔར་བས་འཚམ་པར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། མིག་སྔར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕྲད་པའི་གནད་དོན་འབུར་ཐོན་ཅན་ནི་སྔར་བཞིན་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བ་དེ་ཡིན། དཔེར་ན། ཚོང་རའི་མ་ལག་ད་དུང་ཆ་ཚང་མིན་པ་དང་། ཚོང་ར་འཚར་ལོངས་ད་དུང་གང་ལེགས་བྱུང་མེད་པ། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ད་དུང་མཐུན་སྦྱོར་ཡོངས་སུ་བྱུང་མེད་པ། གསར་གཏོད་ཀྱི་ནུས་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ། ཐོན་ལས་མ་ལག་ཧྲིལ་པོ་རྒྱ་ཆེ་རུང་སྟོབས་མི་ཆེ་བ་དང་།སྣ་འཛོམས་རུང་སྤུས་ལེགས་མིན་པ། འགག་རྩའི་སྲོག་ཤིང་ལག་རྩལ་གཞན་དབང་དུ་ཚུད་པའི་གནས་ཚུལ་རྩ་བའི་ཆ་ནས་འགྱུར་བ་བྱུང་མེད་པ། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་སྔར་བཞིན་ཅུང་ཟད་ཆེ་བ། དམངས་འཚོ་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་སྔར་བཞིན་སྐྱོན་ཆ་ཡོད་པ་སོགས་རེད། མདོར་བསྡུས་ན། གནད་དོན་འདི་དག་ཚང་མ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་མངོན་ཚུལ་ཡིན་པ་དང་། འཕེལ་རྒྱས་གཏོང་རིང་གི་གནད་དོན་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། སྒྲིག་སྲོལ་དང་ལམ་སྲོལ་ཐོག་ནས་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་དགོས།


བཞི་པ། འདི་ནི་ཉེན་ཁའི་འགྲན་སློང་ཆེན་པོར་ཁ་གཏད་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བྱ་གཞག་གསར་རྐྱང་ཞིག་ཡིན་པས་ན། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་འགལ་བ་དང་ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་འཕྲད་སྲིད། ལྷག་པར་དུ་དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གང་མགྱོགས་འབྱུང་བཞིན་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་གདོང་ཐུག་དང་དུས་ཟིང་བྱུང་དང་འབྱུང་བཞིན་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཛ་དྲག་ཏུ་འགྱུར་བཞིན་པ་དང་། ཕྱི་ནས་བཙན་གནོན་བཀག་སྡོམ་བྱེད་པ་རྒྱུན་ཆད་མེད་པར་རིམ་འཕར་འབྱུང་བཞིན་ཡོད་ཅིང་། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། “ངང་པ་ནག་པོ་”དང་“བསེ་རུ་སྐྱ་བོའི་”དོན་རྐྱེན་སྣ་ཚོགས་དུས་དང་རྣམ་པ་ཀུན་ཏུ་ཐོན་ཉེན་ཡོད།ཉེན་ཁའི་འགྲན་སློང་དེ་དག་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉིན་བཞིན་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནང་དུ་འཐབ་ཇུས་ཀྱི་རང་དབང་ལག་ཏུ་ཟིན་པར་བྱེད་པ་ལ། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་དང་། འཐུས་ཚང་གི་ལམ་ལུགས་ལ་བརྟེན་ནས་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅལ་ཏེ། ཉེན་ཁ་ལས་གོ་སྐབས་གསར་པ་སྐྱེད་པ་དང་འཕོ་འགྱུར་ལས་རྣམ་པ་གསར་པ་གཏོད་དགོས།


གཉིས། ཆོད་དོན་མ་ཟིན་བཀོད་པའི་བརྒྱུད་རིམ་སྐོར།


2023ལོའི་ཟླ་11པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཏན་འབེབས་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་ཟིན་འགོད་ཚོ་ཆུང་བཙུགས་ཏེ། ངས་ཚོ་ཆུང་གི་འགོ་འཛིན་གྱི་འགན་འཁུར་རྒྱུ་དང་། བློ་མཐུན་ཝང་ཧུའུ་ཉིང་དང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་ཀྱིས་ཚོ་ཆུང་གི་འགོ་འཛིན་གཞོན་པའི་འགན་འཁུར་རྒྱུ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཡིག་ཆའི་མ་ཟིན་འགོད་པའི་ལས་ཀ་སྒྲུབ་འགན་འཁུར་རྒྱུ། ཟླ་12ཚེས་8ཉིན། ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཡིག་ཆའི་མ་ཟིན་འགོད་པའི་ལས་ཀ་དངོས་སུ་སྒྲུབ་འགོ་ཚུགས་ཡོད། ཟླ་7ལྷག་རིང་ལ་ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་མོ་དང་། རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན། ཆེད་དོན་རིགས་སྒྲུབ། གྲོས་བསྡུར་དང་བཟོ་བཅོས་ཡང་ཡང་བཅས་བྱས་པ་ཡིན།


ཆོད་དོན་མ་ཟིན་འགོད་པའི་བརྒྱུད་རིམ་ཁྲོད། ང་ཚོས་གཤམ་གསལ་གྱི་ཕྱོགས་འགའ་གཙོ་གནད་བཟུང་ནས་དམ་འཛིན་བྱས་པ་སྟེ། གཅིག་ནས་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་པའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། བསྲུང་བྱའི་རྩ་དོན་གཏན་འཁེལ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། གཉིས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་རྩེ་གཅིག་ཏུ་དམིགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱ་རྒྱུའི་ཇུས་འགོད་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། གསུམ་ནས་གཙོ་གནད་དམ་འཛིན་དང་། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་འབུར་དུ་ཐོན་པ་དང་། འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་འབུར་དུ་ཐོན་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། བཞི་ནས་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་སྤྱི་ཡོངས་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཡུན་རིང་གི་ཁེ་ཕན་བཅས་ལ་དམིགས་ནས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་བཏང་ཡོད། ལྔ་ནས་མ་ལག་འདུས་གྲུབ་ཤུགས་ཆེན་ཡོང་བ་དང་། སྒྱུར་བཅོས་ལ་སྤྱི་ཡོངས་ནས་ཇུས་འགོད་དང་མ་ལག་ལྡན་པའི་བཀོད་པ་བྱ་རྒྱུར་ཤུགས་བརྒྱབ་ནས། ཕྱོགས་ཁག་གི་སྒྱུར་བཅོས་ཕན་ཚུན་གཞོགས་འདེགས་དང་མཐུན་སྦྱོར་ནུས་མཐོ་ཡོང་བར་བྱས་ཡོད།


ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་ཟིན་འགོད་བྱེད་དུས། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱ་རྒྱུ་དེ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཡོད། 2023ལོའི་ཟླ་11ཚེས་27ཉིན། ཏང་ཀྲུང་དབྱང་གིས་བརྡ་ཐོ་བཏང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་ཐད་ལ་ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ཕྱོགས་སོ་སོ། ལས་བྱེད་པ་དང་མང་ཚོགས་ཁག་ཅིག་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཡོད། ཚང་མས་གཅིག་མཐུན་གྱིས་ངོས་འཛིན་བྱས་དོན། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་གཙོ་གནད་ཀྱིས་ཞིབ་འཇུག་བྱ་རྒྱུའི་ཆོད་དོན་བཞག་པ་འདིའི་ཐོག་ནས། སྒྱུར་བཅོས་གཏིང་མཐའ་ཕྱིན་པ་བྱེད་པའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པར་དར་ཆ་གང་ཞིག་སྒྲེང་དགོས་པ་དང་འགྲོ་ལམ་གང་ཞིག་ཐོག་སྐྱོད་དགོས་པ་ཡང་བསྐྱར་གསལ་བོར་བསྟན་པ་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེ་ཞིང་གཏིང་ཟབ་པ་ལྡན། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ།ཕྱོགས་སོ་སོ་བཅས་ཀྱིས་ཡིག་ཆའི་བརྗོད་དོན་གཙོ་བོ་དང་། སྒྲོམ་གཞི། བྱེད་ཐབས་གལ་ཆེན་བཅས་ཀྱི་ཐད་ལ་རིན་ཐང་ལྡན་པའི་གྲོས་འགོ་མང་པོ་བཏོན་ནས། ཆོད་དོན་མ་ཟིན་འགོད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད།


2024ལོའི་ཟླ་5ཚེས་7ཉིན། ཆོད་དོན་མ་ཟིན་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བཀྲམས་ནས་བསམ་འཆར་བསྡུ་ལེན་བྱས་པ་སྟེ། ཏང་ནང་གི་བློ་མཐུན་རྒན་པའི་བསམ་འཆར་བསྡུ་ལེན་བྱས་པ་དང་། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་ལ་ཆེད་དུ་ཉན་ཞིང་། འབྲེལ་ཡོད་ཁེ་ལས་དང་ཆེད་མཁས་མཁས་པ་དག་གི་བསམ་འཆར་ལ་ཉན་ཡོད། ཕྱིར་ལན་བཏབ་པའི་བསམ་འཆར་གྱི་གནས་ཚུལ་ལ་བལྟས་ན། ཚང་མས་གཅིག་མཐུན་གྱིས་ངོས་འཛིན་བྱས་དོན། ཆོད་དོན་མ་ཟིན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་འདིར་རྩེ་གཅིག་ཏུ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་འཐབ་ཇུས་བྱེད་ཐབས་ཇུས་འགོད་བྱས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་བྱེད་དགོས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་གལ་ཆེན་དག་དམ་འཛིན་བྱས་ནས་སྒྱུར་བཅོས་ཀྱི་ཇུས་འགོད་བྱས་པ་དེ། བརྗོད་དོན་གཙོ་བོ་ཁ་གསལ་བ་དང་གཙོ་གནད་འབུར་དུ་ཐོན་ཞིང་། བྱེད་ཐབས་ནི་དངོས་དོན་གཉེར་ཞིང་ལག་བསྟར་ཐུབ་པ་ཞིག་ཡིན་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དེ་རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བར་སྤྱི་ཁྱབ་སྐུལ་སློང་དང་སྤྱི་ཁྱབ་བཀོད་སྒྲིག་བྱས་པ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མཚོན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ངེས་ཡིན། དུས་མཚུངས་སུ་ཕྱོགས་སོ་སོས་བཟོ་བཅོས་བསམ་འཆར་དང་གྲོས་འགོ་ཁག་1911བཏོན་ཡོད། ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་བསམ་འཆར་དང་གྲོས་འགོ་འདི་དག་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ། བསྡུ་ལེན་བྱེད་ཐུབ་རིགས་བསྡུ་ལེན་གང་ཐུབ་བྱས་པ་དང་། བཟོ་བཅོས་ཁག་221བརྒྱབ་ཡོད།


མ་ཟིན་འགོད་པའི་བརྒྱུད་རིམ་ཁྲོད། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་3འཚོགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ཐེངས་2འཚོགས་ཏེ་གྲོས་ཞིབ་བྱས་པ་དང་བཟོ་བཅོས་བརྒྱབ་ནས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་ཆོད་དོན་མ་ཟིན་འདི་གྲུབ་པ་ཡིན།


གསུམ། ཆོད་དོན་མ་ཟིན་གྱི་གཞི་རྩའི་སྒྲོམ་གཞི་དང་ནང་དོན་གཙོ་བོ་སྐོར།


ཆོད་དོན་མ་ཟིན་ལ་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ན་དོན་ཚན་15ཡོད་པ་དང་ཁག་ཆེན་པོ་གསུམ་དུ་བགོས་ཡོད། དོན་ཚན་དང་པོ་ནི་ཁག་དང་པོ་ཡིན་པ་དང་དེ་ནི་སྤྱི་བཤད་ཡིན། དེའི་ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ་གཙོར་བཟུང་ནས་རྒྱས་བཤད་བྱས་ཡོད། དོན་ཚན་གཉིས་པ་ནས་དོན་ཚན་བཅུ་བཞི་པའི་བར་ནི་ཁག་གཉིས་པ་ཡིན་པ་དང་དེ་ནི་རྒྱས་བཤད་ཡིན། དེའི་ནང་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་དང་དམག་དཔུང་སོགས་ཀྱི་ཐད་གཙོར་བཟུང་ནས་སྒྱུར་བཅོས་ཀྱི་བཀོད་སྒྲིག་བྱས་ཡོད། དོན་ཚན་བཅོ་ལྔ་པ་ནི་ཁག་གསུམ་པ་ཡིན་པ་དང་། དེའི་ནང་ཏང་གིས་སྒྱུར་བཅོས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་། ཏང་འཛུགས་སྐྲུན་གྱི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་བྱེད་པ་བཅས་གཙོར་བཟུང་ནས་བརྗོད་ཡོད། རྩོམ་ཡོངས་ཀྱི་ནང་དོན་དོན་ཚན་རེ་རེ་བཞིན་གུང་བསྒྲིགས་ནས་དོན་ཚན་60བཀོད་ཡོད།


ཆོད་དོན་མ་ཟིན་ནང་2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུར་ཆེད་དུ་དམིགས་ཏེ། མ་འོངས་པའི་ལོ་ལྔའི་ནང་གི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་པ་དང་། ནང་དོན་བཀོད་སྒྲིག་ཐད་ལ་གཤམ་གསལ་གྱི་ཁྱད་ཆོས་འགའ་ཡོད་པ་སྟེ།


དང་པོ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་ནི་སྔར་བཞིན་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་གཙོ་གནད་ཡིན་པ་དང་། ལས་འགན་གཙོ་བོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་གཏོད་པ། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པ། ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཡིན།


ཆོད་དོན་མ་ཟིན་ནང་སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུའི་ལྟེ་བའི་གནད་དོན་འདིར་དམིགས་ཏེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དེ་གོ་གནས་མངོན་གསལ་དུ་བཞག་པ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་བཀོད་སྒྲིག་བྱས་ཡོད། གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་བྱེད་ནུས་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་སྐྱེད་པར་དམིགས་ཏེ། འབྲེལ་ཡོད་དོ་དམ་སྡེ་ཁག་ཁག་གི་འཐབ་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་དགོས།གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་དྲག་བཟང་ཆེ་གསུམ་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དམིགས་ཏེ། དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་བཟོ་དགོས། ཐོན་དབང་གི་ཁྲིམས་བསྟར་ཁྲིམས་འཛིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་དང་ཉེས་དོན་གྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་རྩོད་གཞིར་ཐེ་ཇུས་བྱེད་རིགས་བཀག་འགོག་དང་ཡོ་བསྲང་བྱེད་དགོས་ཞེས་བཏོན་ཡོད། འགྲན་རྩོད་དྲང་སྙོམས་ལ་ཞིབ་བཤེར་བྱེད་པའི་དགོས་ངེས་ཀྱི་གཅུན་སྡོམ་ལ་ཤུགས་རྒྱག་པ་དང་། རྒྱལ་ཡོངས་ཀྱི་ཚོང་ར་གཅིག་གྱུར་དང་འགྲན་རྩོད་དྲང་སྙོམས་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱེད་སྟངས་སྣ་ཚོགས་གཙང་བཤེར་དང་མེད་པར་བཟོ་དགོས། བདག་རྐྱེན་ཚོང་རའི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་པ་སོགས་ལྟ་བུ་རེད། བྱེད་ཐབས་འདི་དག་གིས་སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་ལྷག་པར་སྐུལ་སློང་བྱེད་སྲིད།


ཆོད་དོན་མ་ཟིན་ནང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། ལག་རྩལ་མཐོ་གྲས་དང་། ལས་ཆོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཁྱད་ཆོས་སུ་གྱུར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་དམིགས་ཏེ། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ལམ་ལུགས་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འབྱུང་འགྱུར་ཐོན་ལས་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བའི་ལམ་སྲོལ་འཛུགས་པ། རྒྱལ་ཁབ་ཀྱི་ཚད་གཞི་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤར་མཐོར་འདེགས་དང་སྣེ་ཁྲིད་བྱེད་པ།སྔོན་ཐོན་གྱི་ཐོན་སྐྱེད་བདག་རྐྱེན་སྣ་ཚོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཕྱོགས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཅས་བཏོན་ཡོད།


ཆོད་དོན་མ་ཟིན་ནང་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་མ་ལག་དང་སྲིད་ཇུས་གཅིག་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་རང་བདག་ནོར་ཤུགས་ཇེ་ཆེར་གཏོང་བ། ས་གནས་ཀྱི་ཁྲལ་ཁུངས་རྒྱ་སྐྱེད་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་གྱི་རྒྱབ་སྐྱོར་ཁྱབ་ཁོངས་རྒྱ་སྐྱེད་ལུགས་མཐུན་གཏོང་བ། ཀྲུང་དབྱང་གི་དོན་གཅོད་དབང་ཆར་ཤུགས་རྒྱག་པ་དང་ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་སྒོའི་བསྡུར་ཚད་འོས་འཚམ་གྱིས་མཐོ་རུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིའི་ངེས་གནས་དང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། དངུལ་འཇོག་དང་དངུལ་བསྡུ་ཕན་ཚུན་མཐུན་སྦྱོར་ཡོང་བའི་མ་རྩའི་ཚོང་རའི་བྱེད་ནུས་ཆ་ཚང་དུ་གཏོང་བ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།


ཆོད་དོན་མ་ཟིན་ནང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ས་ཞིང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས་ཞེས་བཏོན་ཡོད།


ཆོད་དོན་མ་ཟིན་ནང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཕྱི་ཚོང་དངུལ་འཇོག་དང་ཕྱི་ཕྱོགས་ལ་མ་དངུལ་འཇོག་པའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་བྱེད་དགོས། སྤུས་ཚད་མཐོ་བའི་ངང་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།


གཉིས་པ། ཕྱོགས་ཡོངས་ནས་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུར་མཐོང་ཆེན་བྱེད་དགོས།ཆོད་དོན་མ་ཟིན་ནང་སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་སྒྱུར་བཅོས་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ཞིང་།  སློབ་གསོ་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ། རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་ནན་བཤད་བྱས་ཡོད།


སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་ཐད་ལ། མཐོ་རིམ་སློབ་གྲྭའི་སྒྱུར་བཅོས་ལ་རིགས་འབྱེད་སྐུལ་འདེད་གཏོང་བ་དང་། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོས་སྣེ་ཁྲིད་བྱེད་པའི་རིག་ཚན་བཀོད་སྒྲིག་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དཔེ་དབྱིབས་འཛུགས་པ་དང་། ཉེར་མཁོའི་རིག་ཚན་དང་ཆེད་ལས་ཐད་རྒྱུན་སྲོལ་ལས་འདས་པའི་བཀོད་པ་འདིང་དགོས། མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲུབ་འབྲས་སྤོ་སྒྱུར་གྱི་ནུས་ཕྱོད་ཆེ་རུ་གཏོང་དགོས་པ་བཅས་བཏོན་ཡོད།


ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་ཐད་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་།  རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་། ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་ངེས་གནས་དང་བཀོད་པ་ལེགས་སྒྱུར་དང་། ཚན་རྩལ་འཆར་གཞི་དོ་དམ་བྱེད་སྟངས་ལེགས་གཏོང་། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་དང་། སྣོལ་འདྲེས་མདུན་གྲལ་ཁྱབ་ཁོངས། གཙོ་གནད་ཁྱབ་ཁོངས་བཅས་སུ་སྔོན་ཚོད་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་བཀོད་པ་འདིང་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གོ་གནས་ལ་ཤུགས་རྒྱག་པ་དང་། ཚན་རྩལ་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བའི་ལམ་སྲོལ་འཛུགས་དགོས།ཚན་ཞིབ་རིགས་ཀྱི་བྱ་ལས་སྡེ་ཚན་ལ་སྤྱིར་བཏང་གི་བྱ་ལས་སྡེ་ཚན་ལས་སྟབས་བསྟུན་ཆེ་བའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དུ་བཅུག་ཆོག་པ་དང་། ཁེ་ལས་ཅན་གྱི་དོ་དམ་བྱེད་ཐབས་འཚོལ་ཞིབ་ཀྱིས་ལག་བསྟར་བྱེད་དགོས། ལས་ཐོག་ཚན་རྩལ་གྱི་གྲུབ་འབྲས་དབང་སྩོལ་སྒྱུར་བཅོས་ཟབ་སྤེལ་གཏོང་དགོས་པ་བཅས་བཏོན་ཡོད།


ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུའི་ཐད་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། ན་གཞོན་གསར་གཏོད་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། འདེམས་སྒྲུག གསོ་སྐྱོང་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ན་གཞོན་ཚན་རྩལ་མི་སྣའི་ཕོགས་ཐོབ་སྔར་ལས་ལྷག་པར་འགན་སྲུང་བྱེད་དགོས། ཤེས་ལྡན་མི་སྣར་སྐུལ་ལྕག་གཏོང་བའི་ལམ་སྲོལ་ལ་ཤུགས་རྒྱག་པ་དང་། མི་སྣ་བཀོལ་སྤྱོད་བྱེད་པོར་དབང་ཆ་སྤྲད་དེ་ཤེས་ལྡན་མི་སྣ་འཆིང་ཐག་ལས་གློད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕྱི་རྒྱལ་ནས་གདན་འདྲེན་ཞུས་པའི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་བཅས་བཏོན་ཡོད།


གསུམ་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་བྱ་རྒྱུར་མཐོང་ཆེན་བྱེད་དགོས།ཆོད་དོན་མ་ཟིན་གྱིས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་འོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་ཇུས་འགོད། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་ཁྱབ་ཁོངས་གཞན་དག་ཁག་གི་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་བཀོད་སྒྲིག་བཅས་བྱས་ཡོད།


དམངས་གཙོ་དང་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་བྱ་རྒྱུའི་ཐད་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོ་སོར་བཀོད་སྒྲིག་བྱས་ཡོད། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས་པ་དང་། གྲོས་མོལ་དམངས་གཙོའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས་པ། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས་པ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་གྱི་བཀོད་པ་འཐུས་ཚང་དུ་གཏོང་དགོས་པ་བཅས་བཏོན་ཡོད། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱིར་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་རྒྱག་དགོས། ལྟ་ཞིབ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་བྱེད་དགོས་པ་དང་། ལྟ་ཞིབ་དབང་ཆ་དང་། མྱུལ་ཞིབ་དབང་ཆ། ཞིབ་དཔྱོད་དབང་ཆ། འདྲི་གཅོད་དབང་ཆ། ལག་བསྟར་དབང་ཆ་བཅས་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་བཅས་བཏོན་ཡོད།


རིག་གནས་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་ཐད་ལ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་རྒྱུ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་གསོ་སྐྱོང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་གསར་འཛུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་ལེགས་གཏོང་གསར་གཏོད་བྱེད་དགོས། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་འདོན་སྤྲོད་ལམ་སྲོལ་ལེགས་སྒྱུར་བྱེད་པ་དང་། རིག་གནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཐད་ཀར་འབྱོར་བའི་ལམ་སྲོལ་འཛུགས་དགོས། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་བཀོད་པ་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་།  སྔར་ལས་ཕན་ནུས་ལྡན་པའི་རྒྱལ་སྤྱིའི་སྒྲོག་སྤེལ་མ་ལག་འཛུགས་དགོས་པ་བཅས་བཏོན་ཡོད།


དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བའི་ཐད་ལ། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། ལས་ཞུགས་ཀྱི་དཔེ་རྣམ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་བ། སྐབས་བསྟུན་ལས་ཞུགས་པ་དང་། གླ་རྒྱག་ཞིང་པ། ལས་ཞུགས་ཀྱི་དཔེ་རྣམ་གསར་པའི་མི་སྣ་བཅས་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཆ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ལས་ཞུགས་བྱ་ཡུལ་དུ་འགན་བཅོལ་ནང་ཞུགས་པའི་ཐེམ་ཐོའི་ཚོད་འཛིན་མེད་པར་བཟོ་དགོས་པ་བཅས་བཏོན་ཡོད། ས་ཁང་ཐོན་ལས་དར་སྤེལ་གྱི་དཔེ་དབྱིབས་གསར་པ་གང་མགྱོགས་འཛུགས་པ་དང་། གྲོང་ཁྱེར་ཁག་གི་སྲིད་གཞུང་ལ་ས་ཁང་ཐོན་ལས་ཚོང་ར་སྙོམ་སྒྲིག་བྱེད་པའི་རང་བདག་དབང་ཆ་གང་ལེགས་སྤྲོད་དགོས་པ་བཏོན་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། བདེ་ཐང་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་དགོས་པ་བཏོན་ཡོད། མི་འབོར་འཕེལ་རྒྱས་གཏོང་བའི་རྒྱབ་སྐྱོར་དང་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ་དང་། བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རང་མོས་དང་སྐབས་བསྟུན་གྱི་རྩ་དོན་ལྟར་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་བྱེད་པའི་སྒྱུར་བཅོས་ལ་བརྟན་བརླིང་དང་སྒྲིག་སྲོལ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་བཅས་བཏོན་ཡོད།


སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་ཐད་ལ། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་སྲོལ་ཆ་ཚང་དུ་གཏོང་དགོས་པ་བཅས་བཏོན་ཡོད། ས་ཁོངས་དབྱེ་བ་དང་། ཁྱད་པར་ཅན། གནད་འཕིགས་ལྟ་སྡོམ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ལམ་ལུགས་ལག་ལེན་བསྟར་བ་དང་། འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་སྲོལ་ཆ་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། དངུལ་འཇོག རིན་གོང་བཅས་ཀྱི་སྲིད་ཇུས་དང་ཚད་གཞིའི་མ་ལག་ལག་ལེན་བསྟར་བ། ནུས་ཁུངས་དཔེ་གསར་གྱི་མ་ལག་འཆར་འགོད་དང་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་པ་བཅས་བཏོན་ཡོད།


བཞི་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུར་མཐོང་ཆེན་བྱེད་དགོས།རྒྱལ་ཁབ་བདེ་འཇགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བའི་རྨང་གཞི་གལ་ཆེན་ཡིན། ཆོད་དོན་མ་ཟིན་ནང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་སྔར་ལས་མངོན་གསལ་དོད་པའི་གོ་གནས་སུ་བཞག་ནས་རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དམིགས་ཏེ། མཉམ་འགུལ་ཆོད་ཆེའི་རྒྱལ་ཁབ་བདེ་འཇགས་འགོག་སྲུང་མ་ལག་བཙུགས་ནས་རྒྱལ་ཁབ་བདེ་འཇགས་ཐད་ཚན་རྩལ་གྱིས་ནུས་པ་སྩོལ་བར་སྐུལ་འདེད་གཏོང་དགོས། ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་པའི་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས། མིས་བཟོས་རིག་ནུས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་འཛུགས་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་མི་འབོར་དོ་དམ་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་དགོས། སྤྱི་ཚོགས་བདེ་སྐྱོང་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས་པ་བཅས་བཏོན་ཡོད། མཐའ་འཁོར་གྱི་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། བཀག་སྡོམ་ལ་ངོ་རྒོལ་དང་། ཐེ་གཏོགས་ལ་ངོ་རྒོལ། “དཔུང་རིང་ཇུས་གཏོགས་”ལ་ངོ་རྒོལ་བཅས་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཉོ་ཚོང་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཕྱིར་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་དང་ཁྲིམས་སྐྱོང་ལག་བསྟར་མ་ལག་འཐུས་ཚང་དུ་གཏོང་བ། ཁྲིམས་བསྟར་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་གཏོང་དགོས་པ་བཅས་བཏོན་ཡོད།རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པར་དམིགས་ཏེ། མི་དམངས་དམག་དཔུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། མཉམ་འབྲེལ་དམག་འཐབ་མ་ལག་སྒྱུར་བཅོས་ཟབ་སྤེལ་དང་། དམག་དཔུང་དང་ས་གནས་བརྒལ་བའི་སྒྱུར་བཅོས་ཟབ་སྤེལ་གཏོང་དགོས་པ་བཅས་བཏོན་ཡོད།


ལྔ་པ། ཏང་གིས་སྒྱུར་བཅོས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། ཆོད་དོན་མ་ཟིན་ནང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གནད་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། མི་འདེམས་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་པ་གསལ་པོར་འཛུགས་པ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འགན་འཁྲི་འཁུར་ཕོད་པ། བློ་སྟོབས་ཆེན་པོས་སྒྱུར་བཅོས་བྱེད་པ། གྲུབ་འབྲས་དངོས་འབུར་དུ་ཐོན་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ལས་བྱེད་པ་འདེམས་སྒྲུག་ཤུགས་ཆེན་བྱེད་པ་དང་། ལས་བྱེད་པས་བྱ་བ་གང་བྱུང་དུ་སྒྲུབ་པ་དང་།མི་སྒྲུབ་པ། སྒྲུབ་མི་ཕོད་པ། སྒྲུབ་མི་མཁས་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་སྐྱེད་པ་དང་ལག་བསྟར་བྱེད་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ་”དོན་འཁྱོལ་བྱས་ཏེ། ལས་བྱེད་པར་གསར་གཏོད་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་ལྕག་བྱེད་དགོས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་སྒྲིག་འཛུགས་བྱེད་ནུས་ཆེ་རུ་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་བཅོས་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས་པ་དང་། ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། རུལ་སུངས་དཔེ་གསར་དང་མངོན་མེད་རུལ་སུངས་འགོག་བཅོས་ཀྱི་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་ནུས་ལྡན་གཏོང་དགོས་པ་བཅས་བཏོན་ཡོད།


བློ་མཐུན་རྣམ་པས་ཏང་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་གྲོས་བསྡུར་བྱས་ཐོག དགེ་མཚན་ལྡན་པའི་བཟོ་བཅོས་བསམ་འཆར་དང་གྲོས་འགོ་བཏོན་ནས། མཉམ་དུ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཡག་པོར་འཚོག་རྒྱུ་དང་། ཆོད་དོན་མ་ཟིན་ལ་བཟོ་བཅོས་ཡག་པོར་རྒྱག་རྒྱུའི་རེ་བ་ཞུ་རྒྱུ་ཡིན།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1