༄༅།། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན།

རྩོམ་སྒྲིག་པ།སངས་ནོར།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-22


༄༅།། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན།


(2024ལོའི་ཟླ་7ཚེས་18ཉིན་ཀྲུང་གོའི་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་

ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་།)



ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་ལ་ཕབ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཆེད། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ཐད་ཞིབ་འཇུག་བྱས་ནས་ཆོད་དོན་བཞག་པ་གཤམ་གསལ།


གཅིག ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ།


(1)ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་ཀྱི་རང་བཞིན། སྒྱུར་བཅོས་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་ཐུབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་གྲོས་ཚོགས་ཤིག་སྟེ། དེས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་སྒོ་མོ་ཕྱེ་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའང་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་གྲོས་ཚོགས་ཤིག་སྟེ། དེས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་མ་ལག་ཅན་དང་སྤྱི་ཁོག་ཅན་གྱི་ཇུས་འགོད་བྱེད་པའི་སྒོ་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པ་བཏོད་པ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བཏོད་ཡོད།


བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་།དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།ལོ་རྒྱུས་ཀྱི་རང་འགུལ་རླབས་པོ་ཆེ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་དྲག་པོ་བཅས་ལ་བརྟེན་ནས།བསམ་བློ་དང་འདུ་ཤེས་ཀྱི་འཆིང་རྒྱ་བརྟོལ་བ་དང་། ཁེ་ཕན་གཏན་ཆགས་སུ་གྱུར་པའི་ར་བ་གཏོར།ཆུ་ཟབ་སར་འཛུལ་ཕོད་པ་དང་། མཁྲེགས་སར་གཏུག་ཕོད་པ། ཆུ་ཀླུང་གཉན་པོ་བརྒལ་ཕོད་པ་བཅས་བྱས་ནས།ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་གཙང་སེལ་བྱས་པས།སྒྱུར་བཅོས་ཉིད་ཆ་ཤས་ནས་འཚོལ་ཞིབ་བྱེད་པ་དང་འགག་གཏོར་ལམ་འབྱེད་བྱེད་པ་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བར་གྱི་འཕོ་འགྱུར་མངོན་འགྱུར་བྱུང་བ་དང་།ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་གཞི་སྒྲོམ་གཞི་རྩའི་ཆ་ནས་བཙུགས་པ་དང་། ཁྱབ་ཁོངས་མང་པོ་ཞིག་ཏུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་བཞེངས། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་སྟེ།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་སྒྱུར་བཅོས་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཞིང་། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སུ་ཕྱོགས་སོ་སོའི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་ཆགས་ཡོང་བར་ཕན་འབྲས་མངོན་གསལ་ཐོབ་པའི་དམིགས་འབེན་མངོན་འགྱུར་བྱུང་བས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པ་དང་། ཏང་གི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཏེ། རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ཡོད།


ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྒྱུར་བཅོས་སྒོ་འབྱེད་ཁྲོད་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་ཞིག་ཡིན་ལ། སྒྱུར་བཅོས་སྒོ་འབྱེད་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡང་གཏོད་ངེས། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར།མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་ཀྱི་མདུན་དུ།ངེས་པར་དུ་སྒྱུར་བཅོས་མུ་མཐུད་དུ་མདུན་ཕྱོགས་སུ་སྤེལ་དགོས། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་སྔར་བས་བསྟུན་པར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་།དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་།  ལོ་བརྒྱའི་འཕོ་འགྱུར་གང་མགྱོགས་འབྱུང་བཞིན་པའི་ཁྲོད་དུ་འཐབ་ཇུས་ཀྱི་རང་དབང་ལག་ཏུ་ཟིན་པའི་དགོས་ངེས་ཀྱི་བླང་བྱ་ཡིན། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྔར་བས་ཞུམ་མེད་སྟོབས་ལྡན་གྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། སྒྱུར་བཅོས་སྒོ་འབྱེད་ལ་སྒྲུབ་བཞིན་པའི་དུས་ད་ལྟ་བ་ལས་བསྒྲུབས་ཟིན་པའི་དུས་འདས་པ་མེད། ཏང་ཡོངས་ཀྱིས་ངེས་པར་དུ་རང་རྟོགས་ངང་སྒྱུར་བཅོས་དེ་སྔར་ལས་མངོན་གསལ་དོད་པའི་གོ་གནས་སུ་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་དགོས།


(2)ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་སློབ་སྟོན་བསམ་བློ།མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་།ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆ་ཚང་དང་། ཡང་དགཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་།བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་དང་ཆེ་རུ་གཏོང་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱིས་སྣེ་ཁྲིད་དེ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། མི་དམངས་ཀྱི་བསོད་བདེ་ཆེ་རུ་གཏོང་རྒྱུ་དེ་འགོ་རྩོམ་ས་དང་མཐའ་མཇུག་གི་འབབ་སར་བྱས་ཏེ། མ་ལག་འདུས་གྲུབ་ལ་སྔར་བས་མཐོང་ཆེན་དང་། གཙོ་གནད་འབུར་ཐོན་ཡོང་བར་སྔར་བས་མཐོང་ཆེན། སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་སྔར་བས་མཐོང་ཆེན་བཅས་བྱས་ནས། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཕན་ཚུན་སྔར་བས་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།


(3)ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 2035ལོར་སླེབས་དུས་ཕྱོགས་ཡོངས་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྐྲུན་ཚར་བར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བཅས་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པར་རྨང་གཞི་བརྟན་པོར་འདིང་དགོས།


——ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་དམིགས་ཏེ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་ཚར་བར་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།


——བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བར་དམིགས་ཏེ། ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་པར་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་སྔར་བས་ཆ་ཚང་དང་། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཆེ་ལ་རིམ་པ་མང་བ་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་སྔར་བས་འཐུས་ཚང་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་དེ་ཆུ་ཚད་སྔར་ལས་མཐོ་བར་སླེབས་པར་བྱེད་དགོས།


——སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་དམིགས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ། རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་བཏང་སྟེ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་གཏོང་ནུས་ཆེ་རུ་གཏོང་དགོས།


——མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ཏེ། ཡོང་འབབ་བགོ་བཤའ་དང་ལས་ཞུགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏོང་དགོས། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དུ་སྔར་བས་མངོན་གསལ་གྱི་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་འབྱུང་བར་བྱེད་དགོས།


——མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ལྗང་མདོག་གི་རིགས་སྒྱུར་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ། སྐྱེ་ཁམས་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་དགོས།


——ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། རྒྱལ་ཁབ་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་དགོས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་ལ་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་དང་།བྱེད་ཐབས་བཅས་གསར་གཏོད་བྱས་ནས་བདེ་འཇགས་ཀྱི་རྣམ་པ་དཔེ་གསར་ནུས་ལྡན་ངང་གཏོད་དགོས།


——ཏང་གི་འགོ་ཁྲིད་ཆུ་ཚད་དང་ཡུན་རིང་སྲིད་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་བར་དམིགས་ཏེ། འགོ་ཁྲིད་བྱེད་སྟངས་དང་སྲིད་སྐྱོང་བྱེད་སྟངས་གསར་གཏོད་དང་ལེགས་སུ་གཏོང་བ་དང་། ཏང་འཛུགས་སྐྲུན་སྐོར་གྱི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་དགོས།


2029ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་སྐབས་སུ་ཆོད་དོན་འདིས་བཏོན་པའི་སྒྱུར་བཅོས་ཀྱི་ལས་འགན་ལེགས་འགྲུབ་བྱེད་དགོས།


(4)ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་རྩ་དོན།སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་པའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། གཤམ་གསལ་རྩ་དོན་ལག་བསྟར་བྱེད་དགོས་པ་སྟེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གིས་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པ། ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་ཀྱི་ཕྱོགས་ཐམས་ཅད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། སྒྱུར་བཅོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བྱེད་པོའི་གོ་གནས་དང་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ་དང་།མི་དམངས་ལ་རེ་འབོད་གང་ཡོད་ན་སྒྱུར་བཅོས་ཀྱིས་ཡ་ལན་དེ་སྤྲོད་ཐུབ་པ་བྱེད་དགོས། མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་བྱེད་པ་དང་། མི་དམངས་ལ་བརྟེན་ནས་སྒྱུར་བཅོས་བྱེད་པ།  སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་བྱེད་ཐུབ་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་།  དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲང་བ། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་མངོན་གསལ་དོད་པོའི་གནས་སུ་འཇོག་པ། འགོ་འཛུགས་ས་གསར་པའི་ཐོག་ནས་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད། རིག་གནས་ཀྱི་གསར་གཏོད། དེ་བཞིན་ཕྱོགས་གཞན་དག་ཐད་ཀྱི་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་འཛུགས་སྐྲུན་གཙོ་ཐིག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་ཇུས་འགོད་ལ་ཤུགས་རྒྱག་པ་དང་། གཏོར་འཛུགས་མཉམ་སྤེལ་དང་སྔོན་འཛུགས་རྗེས་གཏོར་བྱེད་པ། རྩ་བའི་ལམ་ལུགས་བརྟན་པོ་བཟོ་བ། གཞི་རྩའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལམ་ལུགས་གལ་ཆེན་གསར་གཏོད་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་པ། གནད་ཆེའི་སྒྱུར་བཅོས་བྱེད་པར་གཞིར་འཛིན་སའི་བཅའ་ཁྲིམས་ཡོད་པ་དང་དུས་ཐོག་ཏུ་སྒྱུར་བཅོས་ཀྱི་གྲུབ་འབྲས་བཅའ་ཁྲིམས་ལམ་ལུགས་སུ་རིམ་སྤོར་བྱེད་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས། སྲིད་གཞུང་དང་ཚོང་ར། ལས་ཆོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་འབྲེལ་བ་གནད་ཆེན་ཐག་གཅོད་ཡག་པོ་བྱེད་པ་དང་། སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས།


གཉིས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་དགོས།


ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཡིན། ཚོང་རའི་ལམ་སྲོལ་གྱི་ནུས་པ་ངེས་པར་དུ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་དགོས།  སྔར་བས་དྲང་སྙོམས་དང་སྔར་བས་གསོན་ཤུགས་ལྡན་པའི་ཚོང་རའི་ཁོར་ཡུག་བསྐྲུན་ཏེ། ཐོན་ཁུངས་བགོ་སྒྲིག་གི་ལས་ཆོད་ཆེས་ལེགས་སྒྱུར་དང་ཕན་འབྲས་ཆེ་ཤོས་སུ་འགྱུར་བར་བྱེད་དགོས།  “གློད་ནས་འཁྲུག་པོར་གཏོང་ཐུབ་”ལ་“དོ་དམ་ཡང་བྱེད་ཐུབ་པ་”དང་།སྔར་ལས་ལེགས་པར་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། ཚོང་རའི་འཐུས་ཤོར་བྱུང་ས་ཁ་གསབ་བྱེད་དགོས། རྒྱལ་དམངས་དཔལ་འབྱོར་རེས་འཁོར་ཐོགས་མེད་ཡོང་བ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས།


(5)“གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་།སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ།དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ཐོག་ཐོན་སྐྱེད་བདག་རྐྱེན་བེད་སྤྱོད་བྱེད་པ་དང་། དྲང་སྙོམས་ཀྱིས་ཚོང་རའི་འགྲན་རྩོད་ནང་ཞུགས་པ། འདྲ་མཚུངས་ཐོག་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འཐོབ་པ་བཅས་ལ་ཁག་ཐེག་བྱེད་དགོས་ཤིང་།དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་དགེ་མཚན་གསབ་རེས་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས།


གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་དང་། དོ་དམ་དང་ལྟ་སྐུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འབྲེལ་ཡོད་དོ་དམ་སྡེ་ཁག་ཁག་གི་འཐབ་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་དགོས།གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་དྲག་བཟང་ཆེ་གསུམ་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ལྟེ་བའི་བྱེད་ནུས་ཆེ་རུ་སྐྱེད་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་སྐྱེད་དགོས། རིགས་མི་འདྲ་བའི་གཞུང་ཁོངས་ཁེ་ལས་ཀྱི་བྱེད་ནུས་གནས་ངེས་སྔར་བས་ཁ་གསལ་བཟོ་དགོས། འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོའི་དོ་དམ་འཐུས་ཚང་དུ་གཏོང་བ་དང་། གཞུང་ཁོངས་མ་རྩའི་མ་དངུལ་གཙོ་བོར་འཇོག་ཁོངས་དང་ཁ་ཕྱོགས་ཁ་གསལ་བཟོ་དགོས།གཞུང་ཁོངས་མ་རྩ་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད་པའི་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཅིག་བསྡུས་དང་། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་པའི་ཞབས་ཞུ་དང་། འཕྲལ་བསྟུན་ནུས་པ། སྤྱི་ཕན་རང་བཞིན་གྱི་ཁྱབ་ཁོངས་སོགས་སུ་གཅིག་བསྡུས། སྔོན་ཚོད་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སུ་གཅིག་བསྡུས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་ཁེ་ལས་ཀྱིས་ཐོག་མའི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་ཆ་ཚང་དུ་གཏོང་དགོས། གཞུང་ཁོངས་མ་རྩའི་དངུལ་འཇོག་དང་ལས་གཉེར་ཀུང་སིའི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱིས་འཐབ་ཇུས་ཀྱི་འགན་འཁྲི་སྒྲུབ་ཚུལ་ལ་གདེང་འཇོག་བྱེད་པའི་ལམ་ལུགས་འཛུགས་པ་དང་། གཞུང་ཁོངས་ཁེ་ལས་རིགས་ཕྱེ་ནས་དཔྱད་ཞིབ་གདེང་འཇོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། གཞུང་ཁོངས་དཔལ་འབྱོར་གྱི་འཕར་ཐང་ཞིབ་རྩིས་རྒྱག་པ་བཅས་བྱེད་དགོས། ནུས་ཁུངས་དང་། ལྕགས་ལམ། གློག་འཕྲིན། ཆུ་བེད། སྤྱི་སྤྱོད་བྱ་གཞག་སོགས་ལས་རིགས་ཀྱི་རང་བྱུང་སྒེར་སྡེམ་ལྷུ་ཚིགས་རང་ཚུགས་ཀྱིས་ལས་གཉེར་དང་འགྲན་རྩོད་རང་བཞིན་གྱི་ལྷུ་ཚིགས་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།


སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་སྐྲུན་པ་དང་གོ་སྐབས་སྔར་ལས་མང་བ་འདོན་སྤྲོད་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་ལ་གཞོལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་བཟོ་དགོས། ཚོང་རར་ཞུགས་འཐུས་བཀག་རྒྱ་གཙང་སེལ་ཟབ་མོ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་གཉེར་སྐྱོང་བྱེད་པོར་དྲང་སྙོམས་ངང་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་ཁེ་ལས་རྒྱལ་ཁབ་ཀྱི་ལས་གཞི་གནད་ཆེན་འཛུགས་སྐྲུན་ནང་ཞུགས་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ནུས་པ་ལྡན་པའི་དམངས་གཉེར་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ལག་རྩལ་གནད་ཆེན་འགག་སྒྲོལ་གྱི་ལས་འགན་སྣེ་ཁྲིད་ནས་འཁུར་དུ་ལེན་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་ཚན་ཞིབ་རྨང་གཞིའི་སྒྲིག་བཀོད་གནད་ཆེན་དམངས་གཉེར་ཁེ་ལས་ལ་སྔར་བས་སྒོ་མོ་འབྱེད་དགོས། དམངས་གཉེར་ཁེ་ལས་ཀྱི་དངུལ་བསྡུ་རྒྱབ་སྐྱོར་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་བསྡུ་དཀའ་བ་དང་མ་དངུལ་བསྡུ་བའི་མ་གནས་མཐོ་བའི་གནད་དོན་ཐག་གཅོད་བྱེད་དགོས། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་བའི་ཡུན་ཕན་ལྟ་སྐུལ་དོ་དམ་དང་ཁེ་ལས་ཀྱི་རྩིས་ཐོ་འགྱངས་ཆད་ཡོད་རིགས་གཙང་འཇལ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་ཆ་ཚང་དུ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱི་ཡིད་རྟོན་གནས་ཚུལ་གྱི་ཕྱོགས་བསྡུས་གདེང་འཇོག་མ་ལག་གང་མགྱོགས་འཛུགས་པ་དང་། དམངས་གཉེར་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་ཆེར་སྐྱེད་ལམ་ལུགས་ཆ་ཚང་དུ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱིས་བཅོས་སྐྱོང་གྲུབ་ཚུལ་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ལུགས་མཐུན་ངང་འཛུགས་སྐྲུན་དང་སྤྱོད་གཙང་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་རྒྱག་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་རྒྱག་པ་དང་། དམངས་གཉེར་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་དགོས།


ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཁེ་ལས་རིགས་ཁག་གིས་ཐོན་ཁུངས་བདག་རྐྱེན་བེད་སྤྱོད་ལས་ཆོད་དང་གཉེར་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། འཛམ་གླིང་གི་ཁེ་ལས་རྩེ་གྲ་སྔར་ལས་མང་པོ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས།


(6)རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་དགོས། ཚོང་རའི་རྨང་གཞིའི་ལམ་ལུགས་དང་སྒྲིག་སྲོལ་གཅིག་གྱུར་དང་།ཚོང་རའི་ལྟ་སྐུལ་དོ་དམ་དྲང་སྙོམས་གཅིག་གྱུར། ཚོང་རའི་སྒྲིག་བཀོད་ཚད་གཞི་མཐོ་བའི་འབྲེལ་མཐུད་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། འགྲན་རྩོད་དྲང་སྙོམས་ལ་ཞིབ་བཤེར་བྱེད་པའི་དགོས་ངེས་ཀྱི་གཅུན་སྡོམ་ལ་ཤུགས་རྒྱག་པ་དང་། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་ཚོང་ར་གཅིག་གྱུར་དང་འགྲན་རྩོད་དྲང་སྙོམས་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱེད་སྟངས་སྣ་ཚོགས་གཙང་བཤེར་དང་མེད་པར་བཟོ་དགོས། ས་གནས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་ཁྲིམས་སྲོལ་ལམ་ལུགས་ཚད་ལྡན་དུ་བཏང་ནས། ཁྲིམས་འགལ་སྒྲིག་འགལ་ངང་སྲིད་ཇུས་ཐད་ཀྱི་གཟིགས་སྐྱོང་སྤྲོད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས། གཅིག་གྱུར་ཚད་ལྡན་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་དམིགས་འགུག་དམིགས་འཇོག་དང་།  སྲིད་གཞུང་དང་བྱ་ལས་སྡེ་ཚན། གཞུང་ཁོངས་ཁེ་ལས་བཅས་ཀྱི་ཉོ་སྒྲུབ་སོགས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་མ་ལག་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། ལས་གཞིའི་ལས་རིམ་ཧྲིལ་པོ་ཡོངས་བསྒྲགས་ཀྱིས་དོ་དམ་བྱེད་པ་མངོན་འགྱུར་བྱེད་དགོས། ཚོང་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཚད་གཞིའི་མ་ལག་ཆ་ཚང་དུ་གཏོང་བ་དང་། ས་གནས་ཀྱི་ཚད་གཞིའི་དོ་དམ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།


བདག་རྐྱེན་ཚོང་རའི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་བདག་རྐྱེན་ཐོགས་མེད་འཁོར་རྒྱུག་ཡོང་བ་དང་། ཐོན་ཁུངས་སྣ་ཚོགས་ནུས་ཆེའི་སྒོ་ནས་བགོ་སྒྲིག་བྱེད་པ། ཚོང་རའི་གཏིང་ཤུགས་གང་ལེགས་གློད་པ་བཅས་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཚོང་ར་སྐྲུན་དགོས། མ་རྩའི་ཚོང་ར་ཚད་ལྡན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལག་རྩལ་དང་གཞི་གྲངས་ཚོང་ར་སྐྱེད་སྲིང་བྱེད་དགོས། ཚོང་རའི་འདོན་མཁོའི་འབྲེལ་བས་གཙོར་བྱས་ནས་བདག་རྐྱེན་གྱི་རིན་གོང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གིས་རིན་གོང་ཐད་ཚུལ་མིན་ཐེ་ཇུས་བྱེད་པ་བཀག་འགོག་བྱེད་དགོས། ངལ་རྩོལ་དང་། མ་རྩ། ས་ཞིང་། ཤེས་བྱ། ལག་རྩལ། དོ་དམ། གཞི་གྲངས་སོགས་ཐོན་སྐྱེད་བདག་རྐྱེན་ལ་ཚོང་རས་བྱས་རྗེས་གདེང་འཇོག་བྱེད་པ་དང་། བྱས་རྗེས་ལ་གཞིགས་ནས་ཐོབ་ཆ་ཐག་གཅོད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཆུ་དང་། ནུས་ཁུངས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་རིན་གོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། གྲོང་མིའི་སྐས་རིམ་ཆུ་རིན་དང་། གློག་རིན། རླངས་རིན་བཅས་ཀྱི་ལམ་ལུགས་ལེགས་སྒྱུར་བྱེད་པ་དང་། སྣུམ་གྲུབ་མའི་རིན་གོང་གཏན་འཁེལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


འཁོར་རྒྱུག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཟོག་འབྲེལ་དྲ་རྒྱ་འཕེལ་རྒྱས་མགྱོགས་སུ་གཏོང་བ། གཞི་གཅིག་འབྲེལ་མཐུད་ཀྱི་འཁོར་རྒྱུག་སྒྲིག་ལམ་དང་ཚད་གཞི་ཆ་ཚང་དུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་དགོས། ནུས་ཁུངས་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཚོང་ར་འཛུགས་སྐྲུན། སྣུམ་རླངས་སྦུག་དྲའི་འཁོར་སྐྱོད་བཀོད་གཏོང་ལམ་སྲོལ་ལེགས་སྒྱུར་བཅས་བྱེད་དགོས།


ནང་མཁོའི་མ་ལག་ཆ་ཚང་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་བ་དང་། སྲིད་གཞུང་དངུལ་འཇོག་གིས་རྨང་གཞིའི་རང་བཞིན་དང་། སྤྱི་ཕན་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་གཞི་གནད་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་། སྲིད་གཞུང་དངུལ་འཇོག་གིས་སྤྱི་ཚོགས་དངུལ་འཇོག་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། སྤྱི་ཚོགས་མ་རྩའི་དངུལ་འཇོག་གསོན་ཤུགས་སྐུལ་སློང་དང་དངུལ་འཇོག་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚོང་རས་གཙོ་ཁྲིད་བྱེད་པའི་ནུས་ལྡན་དངུལ་འཇོག་གི་ནང་སྐྱེས་འཕར་སྣོན་ལམ་སྲོལ་ཆགས་པར་བྱེད་དགོས། འཛད་སྤྱོད་རྒྱ་སྐྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཉུང་དུ་གཏོང་བ། སྤྱི་པའི་འཛད་སྤྱོད་ལུགས་མཐུན་ངང་མང་དུ་གཏོང་བ་དང་། ཐོག་སྤེལ་དཔལ་འབྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།


(7)ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐོན་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་ཁྲིམས་ལྟར་འདྲ་མཉམ་ངང་ཡུན་རིང་སྲུང་སྐྱོབ་བྱས་ཏེ། ཕན་ནུས་ཆེ་བའི་ཤེས་བྱའི་ཐོན་དབང་ཕྱོགས་བསྡུས་དོ་དམ་བྱེད་པའི་སྒྲིག་སྲོལ་འཛུགས་དགོས། ཚོང་རའི་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚོང་ལས་གསང་བ་སྲུང་སྐྱོབ་ལམ་ལུགས་འཛུགས་དགོས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་དང་ཁྲིམས་མཐུན་ཁེ་ཕན་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་འགན་གཅིག་ཉེས་གཅིག་ཆད་གཅིག་ལག་ལེན་བྱེད་པ་དང་།ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐོན་དབང་ལ་ཁྲིམས་བསྟར་ཁྲིམས་འཛིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་དང་ཉེས་དོན་གྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་རྩོད་གཞིར་ཐེ་ཇུས་བྱེད་རིགས་བཀག་འགོག་དང་ཡོ་བསྲང་བྱེད་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ལོག་འཁྲུལ་གྱོད་དོན་ཁྲིམས་ལྟར་ཞིབ་འབྱེད་དང་ཡོ་བསྲང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།


ཚོང་རར་ཞུགས་འཐུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ཚོང་རར་ཞུགས་འཐུས་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། ཐོ་བཀོད་མ་རྩ་འཇལ་སྤྲོད་ཁས་ལེན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ནས་ཁྲིམས་ལྟར་དུས་ཐོག་ཏུ་འཇལ་སྤྲོད་ཁས་ལེན་ལག་ལེན་བྱེད་དགོས། ཁེ་ལས་ཀྱི་མ་རྩ་སྟོངས་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། མི་སྒེར་གྱི་མ་རྩ་སྟོངས་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་དགོས། ཁེ་ལས་ཐོ་ཁོངས་ནས་བསུབ་པའི་ཆ་འགྲིག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཕྱིར་འཐེན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་དང་ལྟ་སྐུལ་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་དགོས།


གསུམ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།


སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྒྱུར་བཅོས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་གཏོད་པ་བཅས་བྱེད་དགོས།


(8)ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།གསར་བརྗེའི་རང་བཞིན་གྱིས་ལག་རྩལ་འགག་གནད་སྒྲོལ་བ་དང་། གསར་གཏོད་རང་བཞིན་གྱིས་ཐོན་སྐྱེད་བདག་རྐྱེན་བགོ་སྒྲིག་བྱེད་པ། ཐོན་ལས་རིགས་སྒྱུར་རིམ་སྤར་གཏིང་ཟབ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་པ་དང་། ངལ་རྩོལ་རྒྱུ་ཆས། ངལ་རྩོལ་བྱ་ཡུལ་བཅས་ལེགས་སྒྱུར་ཚན་སྡེབ་དང་གསར་སྒྱུར་མཆོང་སྐྱོད་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་ལས་གསར་པ་དང་། དཔེ་དབྱིབས་གསར་པ། སྒུལ་ནུས་གསར་པ་བཅས་འབྱུང་དུ་འཇུག་པ་དང་། ལག་རྩལ་མཐོ་གྲས་དང་། ལས་ཆོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཁྱད་ཆོས་སུ་གྱུར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་།མདུན་གྲལ་གྱི་སྣེ་ཁྲིད་ལག་རྩལ། དེང་རབས་ལས་གྲྭའི་ལག་རྩལ། རྩ་སློག་རང་བཞིན་གྱི་ལག་རྩལ་བཅས་གསར་གཏོད་བྱེད་པར་ཤུགས་རྒྱག་པ་དང་། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ལམ་ལུགས་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྱུང་འགྱུར་ཐོན་ལས་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བའི་ལམ་སྲོལ་འཛུགས་པ་དང་། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། མིས་བཟོས་རིག་ནུས། མཁའ་འགྲུལ་མཁའ་སྐྱོད། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། རྩེར་སོན་སྒྲིག་ཆས། སྐྱེ་དངོས་སྨན་རྫས། ཚད་རྡུལ་ཚན་རྩལ་སོགས་འཐབ་ཇུས་རང་བཞིན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བཅོས་སྐྱོང་མ་ལག་འཐུས་ཚང་དང་སྐུལ་འདེད་བཏང་སྟེ། གསར་དར་ཐོན་ལས་སྐྱོན་བྲལ་རིམ་ལྡན་ངང་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཀྱི་ཚད་གཞི་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤར་མཐོར་འདེགས་དང་སྣེ་ཁྲིད་བྱེད་པ་དང་། ཁེ་ལས་ཀྱིས་རིག་གྲངས་ལག་རྩལ་དང་ལྗང་མདོག་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་སོགས་ལམ་ལུགས་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས།


འབྲེལ་ཡོད་སྒྲིག་སྲོལ་དང་སྲིད་ཇུས་ཆ་ཚང་དུ་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དང་སྔར་ལས་འཚམ་པའི་ཐོན་སྐྱེད་འབྲེལ་བ་གང་མགྱོགས་ཀྱིས་ཆགས་པར་བྱེད་པ་དང་། སྔོན་ཐོན་གྱི་ཐོན་སྐྱེད་བདག་རྐྱེན་སྣ་ཚོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཕྱོགས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་སྟེ། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་འགྲོས་ཚད་མཐོ་རུ་ཆེས་ཆེར་གཏོང་དགོས། ཕོ་ཉའི་དངུལ་འཇོག་དང་། ཉེན་ཁའི་དངུལ་འཇོག  སྒེར་བསྡུས་རྐང་དབང་དངུལ་འཇོག་བཅས་སྤེལ་བར་བསྔགས་སྐུལ་དང་ཚད་ལྡན་དུ་གཏོང་བ་དང་། སྲིད་གཞུང་དངུལ་འཇོག་ཐེབས་རྩའི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་ངང་རིང་མ་རྩ་འཕེལ་རྒྱས་གཏོང་དགོས།


(9)དངོས་གཞིའི་དཔལ་འབྱོར་དང་གྲངས་ཀའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། བཟོ་ལས་ཅན་དཔེ་གསར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྐྱེད་སྲིང་དང་རྒྱ་ཆེར་གཏོང་བ། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་རིགས་ཐུན་མོང་རང་བཞིན་གྱི་ལག་རྩལ་ལས་སྟེགས་ཁག་ཅིག་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་དཔེ་དབྱིབས་དང་ཁེ་ལས་རྩ་འཛུགས་ཀྱི་དཔེ་རྣམ་འཕོ་འགྱུར་མགྱོགས་སུ་གཏོང་བ། དགེ་མཚན་ལྡན་པའི་ཐོན་ལས་ཀྱི་སྔོན་ཁྲིད་གོ་གནས་མཐོར་འདེགས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཐོན་ལས་ཐེབས་རྩ་གནད་ཆེན་འཁོར་སྒྲུབ་དང་ལྟ་སྐུལ་དོ་དམ་ལམ་སྲོལ་ལེགས་སྒྱུར་བྱས་ནས། མ་དངུལ་དག་རྒྱལ་ཁབ་ཀྱི་འཐབ་ཇུས་བླང་བྱ་དང་མཐུན་པའི་ཕྱོགས་སུ་གཏོང་བར་འགན་ལེན་ཏན་ཏིག་བྱེད་དགོས། བཟོ་སྐྲུན་ལས་རིགས་ལ་བསྡུར་ཚད་ལུགས་མཐུན་གཏོང་འཇོག་མཐའ་འཁྱོངས་བྱེད་པའི་ལམ་སྲོལ་འཛུགས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་བསྡུས་མ་གནས་ཇེ་དམའ་དང་ཁྲལ་གྲོན་ཁུར་པོ་ཇེ་ཡང་དུ་འོས་འཚམ་གཏོང་དགོས།


གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཛུགས་པ་དང་། གྲངས་ཀ་ཐོན་ལས་ཅན་དང་ཐོན་ལས་གྲངས་ཀ་ཅན་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། རབས་གསར་པའི་ཆ་འཕྲིན་ལག་རྩལ་ཕྱོགས་མཐའ་ཡོངས་དང་མུ་ཕྲེང་ཡོངས་སུ་ཁྱབ་གདལ་བེད་སྤྱོད་མགྱོགས་སུ་གཏོང་བ་དང་། བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་ཀའི་ཐོན་ལས་ཁྱུ་ཚོགས་འཛུགས་པ་བཅས་བྱེད་དགོས། ལས་སྟེགས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་སྟེགས་དཔལ་འབྱོར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་གཞི་གྲངས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལས་གཉེར་བྱེད་པ་དང་།གཞི་གྲངས་མཉམ་སྤྱོད་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་གྲངས་ཐོན་དབང་གི་གཏོགས་ཁོངས་ངོས་འཛིན་དང་། ཚོང་རའི་ཉོ་ཚོང་། ཁེ་དབང་བགོ་བཤའ། ཁེ་ཕན་སྲུང་སྐྱོབ་བཅས་ཀྱི་ལམ་ལུགས་གང་མགྱོགས་འཛུགས་དགོས་པ་དང་། གཞི་གྲངས་བདེ་འཇགས་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ་དང་། ནུས་ཆེ་སྟབས་བདེ་བདེ་འཇགས་བཅས་ཡིན་པའི་གཞི་གྲངས་རྒྱལ་མཚམས་བརྒལ་བའི་འཁོར་རྒྱུག་ལམ་སྲོལ་འཛུགས་དགོས།


(10)ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་ཞིབ་རྩིས་ལེགས་སྒྱུར་བྱས་ནས། ཞབས་ཞུའི་ལས་རིགས་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལྷུ་ཚིགས་གཙོ་གནད་ལ་དམིགས་ཏེ་ཁྱབ་ཁོངས་ཕྱེ་ནས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་དྲ་སྦྲེལ་ལས་སྟེགས་འཕེལ་རྒྱས་གཏོང་བ་དང་། ས་ཁུལ་ལས་བརྒལ་བའི་གཉེར་སྐྱོང་སྲིད་འཛིན་བཀག་རྒྱ་མེད་པར་བཟོས་ཏེ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་བའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། མཚམས་སྦྱོར་ཞབས་ཞུའི་སྒྲིག་གཞིའི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཚམས་སྦྱོར་ཞབས་ཞུའི་སྒྲིག་གཞིས་ཁ་དན་ཚིག་ལ་གནས་པ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་དགོས།


(11)དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་དཔེ་གསར་གྱི་འཆར་འགོད་དང་ཚད་གཞིའི་མ་ལག་འཛུགས་པ་དང་། རྨང་གཞིའི་སྒྲིག་བཀོད་དཔེ་གསར་གྱི་མཉམ་འདྲེས་བེད་སྤྱོད་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་གྲངས་ཀ་ཅན་དུ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ། སྣ་མང་ཅན་གྱི་དངུལ་འཇོག་དངུལ་བསྡུའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་གནད་ཆེན་འཛུགས་སྐྲུན་གྱི་མཐུན་སྦྱོར་ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྒྱུར་བཅོས་ཟབ་སྤེལ་དང་། ལྕགས་ལམ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཀུན་སྤྱོད་མཁའ་འགྲུལ་དང་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། གྲོན་བསྡུའི་གཞུང་ལམ་སྲིད་ཇུས་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། མཚོ་ཐོག་སྐྱེལ་འདྲེན་འགན་བཅོལ་གྱི་འགན་ལེན་ནུས་པ་དང་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། མཚོ་དོན་འདུམ་གཅོད་ལམ་ལུགས་དང་སྒྲིག་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། ཆུ་བེད་ལས་གྲྭ་གནད་ཆེན་འཛུགས་སྐྲུན་དང་། འཁོར་སྐྱོད། དོ་དམ་བཅས་ཀྱི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།


(12)ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ལྡེམ་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས།རང་བདག་དང་ཚོད་འཛིན་ཐུབ་པའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གང་མགྱོགས་འཛུགས་པ་དང་། འདུས་གྲུབ་གློག་ལམ་དང་། བཟོ་ལས་འཕྲུལ་འཁོར་ཨ་མ། སྨན་བཅོས་སྒྲིག་ཆས། བརྟག་དཔྱད་ཡོ་བྱད། རྨང་གཞིའི་མཉེན་ཆས། བཟོ་ལས་མཉེན་ཆས། སྔོན་ཐོན་རྒྱུ་ཆ་སོགས་ཐོན་ལས་མུ་ཕྲེང་གཙོ་གནད་འཕེལ་རྒྱས་ཤུགས་ཆེར་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། མུ་ཕྲེང་ཡོངས་སུ་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་བདེ་འཇགས་ཉེན་ཁ་དཔྱད་དཔོག་དང་ཁ་གཏད་འཇལ་བའི་ལམ་སྲོལ་འཛུགས་དགོས། ཐོན་ལས་རྒྱལ་ནང་དུ་སྐས་རིམ་རིམ་ལྡན་སྤོ་སྒྱུར་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕར་གཏོང་ས་དང་ཚུར་ལེན་སས་ཁེ་ཕན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་དབུས་ཁུལ་དང་འགག་རྩའི་ཐོན་ལས་ཀྱི་གྲབས་ཆ་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་གསོག་འཇོག་མ་ལག་གང་མགྱོགས་ཀྱིས་འཐུས་ཚང་དུ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་ཐོན་ཁུངས་འཚོལ་ཞིབ་ཐོན་སྐྱེད་འདོན་སྤྲོད་གསོག་ཉར་ཕྱིར་འཚོང་བཅས་ཀྱི་གཅིག་གྱུར་འཆར་འགོད་དང་འབྲེལ་མཐུད་མ་ལག་འཐུས་ཚང་དུ་གཏོང་དགོས།


བཞི། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་དགོས།


སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན། ངེས་པར་དུ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་བཅས་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་སྒྱུར་བཅོས་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཆ་ཚང་དུ་བཏང་ནས། རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།


(13)སློབ་གསོ་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། མི་གསོ་སྐྱོང་བྱེད་སྟངས་དང་། སློབ་གྲྭ་གཉེར་སྟངས། དོ་དམ་སྒྲིག་སྲོལ། འགན་སྲུང་ལམ་སྲོལ་བཅས་སྒྱུར་བཅོས་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས།སྤྱོད་བཟང་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་དུ་སྒྱུར་བཅོས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། ཀུན་སྤྱོད་ཤེས་རིག་ལུས་རྩལ་མཛེས་དཔྱོད་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བ་དང་། དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྲུན་བྱེད་པའི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། སློབ་གསོའི་གདེང་འཇོག་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།མཐོ་རིམ་སློབ་གསོའི་བཀོད་པ་ལེགས་སྒྱུར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩེ་གྲ་ཡིན་པའི་སློབ་ཆེན་དང་དགེ་མཚན་ཅན་གྱི་རིག་ཚན་གང་མགྱོགས་འཛུགས་སྐྲུན་བྱེད་དགོས།མཐོ་རིམ་སློབ་གྲྭའི་སྒྱུར་བཅོས་ལ་རིགས་འབྱེད་སྐུལ་འདེད་གཏོང་བ་དང་། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོས་སྣེ་ཁྲིད་བྱེད་པའི་རིག་ཚན་བཀོད་སྒྲིག་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དཔེ་དབྱིབས་འཛུགས་པ། ཉེར་མཁོའི་རིག་ཚན་དང་ཆེད་ལས་ཐད་རྒྱུན་སྲོལ་ལས་འདས་པའི་བཀོད་པ་འདིང་བ། རྨང་གཞིའི་རིག་ཚན་དང་གསར་དར་རིག་ཚན། སྣོལ་འདྲེས་རིག་ཚན་བཅས་འཛུགས་སྐྲུན་དང་རྩེར་སོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་རྒྱག་པ། གསར་གཏོད་བྱེད་ནུས་གསོ་སྐྱོང་བྱ་རྒྱུར་ཤུགས་ཆེན་པོ་རྒྱག་པ་བཅས་བྱེད་དགོས། མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲུབ་འབྲས་སྤོ་སྒྱུར་གྱི་ནུས་ཕྱོད་ཆེ་རུ་གཏོང་དགོས། ཚན་རྩལ་སློབ་གསོ་དང་མི་ཆོས་སློབ་གསོ་མཐུན་སྦྱོར་ལ་ཤུགས་རྒྱག་དགོས། ལས་རིགས་སློབ་གྲྭ་དང་མཐོ་འབྲིང་དཀྱུས་མ་མཉམ་འདྲེས་དང་། ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་མགྱོགས་པོར་འཛུགས་དགོས། སློབ་མའི་དངོས་སྦྱོང་ལག་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་དགོས། ཆུ་ཚད་མཐོ་བའི་སློབ་གསོ་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་གྱི་ཆུ་ཚད་མཐོ་བའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་སློབ་ཆེན་ཀྲུང་གོར་ཡོང་ནས་མཉམ་ལས་སློབ་སྒྲུབ་བྱེད་པར་བསྔགས་སྐུལ་བྱེད་དགོས།


ས་ཁོངས་སློབ་གསོའི་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་བྱེད་པ་དང་། མི་འབོར་གྱི་འགྱུར་ལྡོག་དང་མཐུན་སྦྱོར་ཡོང་བའི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་འདོན་སྤྲོད་ལམ་སྲོལ་འཛུགས་དགོས། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་སྤེལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སློབ་ཡོན་མི་དགོས་པའི་སློབ་གསོའི་ཁྱབ་ཁོངས་རིམ་བཞིན་རྒྱ་སྐྱེད་གཏོང་ཐབས་འཚོལ་ཞིབ་བྱེད་དགོས། སློབ་སྔོན་སློབ་གསོ་དང་། དམིགས་བསལ་སློབ་གསོ། ཆེད་དོན་སློབ་གསོ་བཅས་ཀྱི་འགན་སྲུང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། སློབ་གསོ་གྲངས་ཀ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་པར་ནུས་པ་སྩོལ་བ། ཚེ་གང་སློབ་གསོར་འགན་སྲུང་བྱ་རྒྱུར་ཤུགས་རྒྱག་པ་བཅས་བྱེད་དགོས།


(14)ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གནད་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་དང་། གནད་ཆེའི་ཚན་རྩལ་གསར་གཏོད་སྒྲིག་འཛུགས་ལམ་སྲོལ་ལེགས་སྒྱུར། འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་གཅིག་འདོམས་ཀྱིས་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་དང་། བདག་རྐྱེན་བགོ་སྒྲིག ཤེས་ལྡན་མི་སྣའི་དཔུང་སྡེ་བཅས་མ་ལག་ཅན་དང་། སྒྲིག་ཁོངས་ཅན། མཐུན་སྦྱོར་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་། ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་ངེས་གནས་དང་བཀོད་པ་ལེགས་སྒྱུར་བྱས་ནས། ཚན་རྩལ་གསར་གཏོད་ཐད་ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་ལས་སྟེགས་སྣ་ཚོགས་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཞིབ་འཇུག་གསར་སྤེལ་སྒྲིག་གཞི་དཔེ་གསར་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་ཚད་ལྡན་དུ་བཏང་སྟེ། རང་རྒྱལ་གྱི་ཚད་བརྒལ་གཞི་ཁྱོན་ཆེ་བའི་ཚོང་རའི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས།གསར་གཏོད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྟོབས་ཤུགས་སྒྲིག་འཛུགས་བྱེད་པར་ཤུགས་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་ཁ་གཏད་འཇལ་བའི་མ་ལག་འཛུགས་པ་དང་། ཚན་རྩལ་རྨང་གཞིའི་ཆ་རྐྱེན་རང་བདག་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་ཚོགས་པའི་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་དགོས། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་རྒྱ་སྐྱེད་དང་། ཀྲུང་གོར་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་འཛུགས་པར་བསྔགས་སྐུལ་བྱས་ཏེ། མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། ཚན་རྩལ་ཚོགས་པ་བཅས་ཀྱིས་ཕྱི་ཕྱོགས་ལ་ཆེད་ལས་སྤེལ་རེས་དང་མཉམ་ལས་བྱེད་པའི་དོ་དམ་ལམ་སྲོལ་ལེགས་སྒྱུར་བྱེད་དགོས།


ཚན་རྩལ་འཆར་གཞི་དོ་དམ་བྱེད་སྟངས་ལེགས་གཏོང་དང་། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་དང་། སྣོལ་འདྲེས་མདུན་གྲལ་ཁྱབ་ཁོངས། གཙོ་གནད་ཁྱབ་ཁོངས་བཅས་སུ་སྔོན་ཚོད་རང་བཞིན་དང་། ཁྲིད་སྟོན་རང་བཞིན་གྱི་བཀོད་པ་འདིང་ཤུགས་ཆེ་རུ་གཏོང་དགོས། སྒྲིག་འཛུགས་ཡོད་པའི་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྱི་གཏོང་སྒོ་རྨང་གཞིའི་ཞིབ་འཇུག་ཐད་ལ་སྤྱོད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས། འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་དང་བརྟན་པོའི་རྒྱབ་སྐྱོར་ཕན་ཚུན་ཟུང་འབྲེལ་གྱི་རྨང་གཞིའི་ཞིབ་འཇུག་གི་གཏོང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ས་གནས་དང་། ཁེ་ལས། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པར་བསྔགས་སྐུལ་བྱེད་དགོས། རྨང་གཞིའི་ཞིབ་འཇུག་གི་བརྗོད་གཞི་སྣ་མང་ཅན་དུ་འགྱུར་བར་རྒྱབ་སྐྱོར་དང་། ཉེན་ཁ་ཆེ་བ་དང་རིན་ཐང་ཆེ་བའི་རྨང་གཞིའི་ཞིབ་འཇུག་སྤེལ་བར་བསྔགས་སྐུལ་བྱེད་དགོས། ཚན་རྩལ་གདེང་འཇོག་མ་ལག་སྒྱུར་བཅོས་ཟབ་སྤེལ་དང་། ཚན་རྩལ་མི་ཆོས་བཅོས་སྐྱོང་ལ་ཤུགས་བརྒྱབ་ནས། རིག་གཞུང་གི་ཚུལ་མིན་བྱ་སྤྱོད་བཅོས་སྐྱོང་ནན་པོ་བྱེད་དགོས།


ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གོ་གནས་ལ་ཤུགས་རྒྱག་པ་དང་། ཚན་རྩལ་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བའི་ལམ་སྲོལ་འཛུགས་དགོས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་རྒྱག་པ་དང་། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྲབས་དངུལ་ལམ་ལུགས་འཛུགས་དགོས། ཁེ་ལས་ཀྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་ཚན་རྩལ་འགག་སྒྲོལ་ལས་འགན་གྱི་སྣེ་ཁྲིད་པའམ་དེའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ཆེད་ལས་སྤུས་ལེགས་ཁྱད་ལྡན་གསར་གྲས་བཅས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་རྒྱ་སྐྱེད་ཡོང་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་དགོས། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་གིས་ཞིབ་འཇུག་གསར་སྤེལ་གཏོང་འཇོག་མང་དུ་གཏོང་བར་བསྔགས་སྐུལ་དང་། ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་སྣོན་རྩིས་འཕྲི་འཐེན་བསྡུར་ཚད་མཐོ་རུ་གཏོང་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གིས་སྔོན་ལ་བཀོལ་སྤྱོད་དང་རྗེས་ནས་གྲོན་དངུལ་སྤྲོད་པའི་བྱེད་ཐབས་ལྟར་ཚན་རྩལ་གྱི་གྲུབ་འབྲས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུའི་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་དགོས།


ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བགོ་བཤའ་དང་དོ་དམ་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་འཆར་གཞི་ལག་བསྟར་དང་ཆེད་ལས་སྒྲིག་གཞིའི་དོ་དམ་སྒྲིག་སྲོལ་ཆ་ཚང་དུ་གཏོང་དགོས། ནོར་སྲིད་ཚན་ཞིབ་ལས་གཞིའི་གྲོན་དངུལ་“འགན་གཙང་ལམ་ལུགས་”ཀྱི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་། ཚན་རིག་པར་ལག་རྩལ་ལམ་ཕྱོགས་ཐག་གཅོད་བྱེད་དབང་དང་། གྲོན་དངུལ་བཀོད་སྒྲིག་བྱེད་དབང་། ཐོན་ཁུངས་བཀོད་གཏོང་བྱེད་དབང་བཅས་སྔར་ལས་ཆེ་བ་སྤྲོད་དགོས། ཆེད་མཁས་ཀྱིས་མིང་ངོ་མ་བཀོད་ནས་འོས་སྦྱོར་བྱེད་པའི་ངོས་འཛིན་གཅིག་མཐུན་མ་བྱུང་བའི་ལས་གཞི་འདེམས་སྒྲུག་ལམ་སྲོལ་འཛུགས་དགོས། ཚན་ཞིབ་རིགས་ཀྱི་བྱ་ལས་སྡེ་ཚན་ལ་སྤྱིར་བཏང་གི་བྱ་ལས་སྡེ་ཚན་ལས་སྟབས་བསྟུན་ཆེ་བའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དུ་བཅུག་ཆོག་པ་དང་། ཁེ་ལས་ཅན་གྱི་དོ་དམ་བྱེད་ཐབས་འཚོལ་ཞིབ་ཀྱིས་ལག་བསྟར་བྱེད་དགོས།


ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་ལག་རྩལ་སྤོ་སྒྱུར་མ་ལག་འཛུགས་པར་ཤུགས་རྒྱག་པ་དང་། དོན་སྤྱིའི་ར་སྤྲོད་དང་དུས་དཀྱིལ་ཚོད་ལྟའི་ར་སྤྲོད་ཀྱི་ལས་སྟེགས་ཁག་ཅིག་འཛུགས་པར་བཀོད་པ་མགྱོགས་པོར་འདིང་དགོས་ཤིང་། བཀོལ་སྤྱོད་སྲིད་ཇུས་དང་པོ་(ཆ་ཚང་)དང་། ཁག་དང་པོ། པར་གཞི་དང་པོ་བཅས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གིས་རང་བདག་གསར་གཏོད་ཐོན་རྫས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལག་རྩལ་སྤྱི་གཉེར་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས།


ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་གྱི་ཡོང་འབབ་བགོ་བཤའི་ཐད་ཚན་རྩལ་མི་སྣར་རང་བདག་དབང་ཆ་སྔར་ལས་ཆེ་བ་ཡོད་དུ་བཅུག་ཆོག་ཅིང་། ལས་ཐོག་ཚན་རྩལ་གྱི་གྲུབ་འབྲས་རྒྱུ་ནོར་ལོགས་འདོན་དོ་དམ་ལམ་ལུགས་འཛུགས་པ་དང་། ལས་ཐོག་ཚན་རྩལ་གྱི་གྲུབ་འབྲས་དབང་སྩོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་ཡོང་འབབ་བགོ་བཤའི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཆ་རྐྱེན་འཛོམས་པའི་གཞུང་ཁོངས་ཁེ་ལས་སྔར་ལས་མང་པོས་གསར་གཏོད་དང་གསར་སྐྲུན་ཁྲིད་ཕྱོགས་སུ་བཟུང་སྟེ། ཚན་ཞིབ་མི་སྣའི་ཁྲོད་དུ་རྣམ་པ་སྣ་མང་བའི་དུས་ཡུན་འབྲིང་རིང་གི་སྐུལ་ལྕག་སྤེལ་དུ་བཅུག་ཆོག


ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་སྒྲིག་སྲོལ་འཛུགས་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གནད་ཆེན་དང་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་ལ་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡུན་རིང་མ་རྩ་སྔ་ཙམ་ནས་འཇོག་པ་དང་། ཆུང་གྲས་ལ་འཇོག་པ། དུས་ཡུན་རིང་པོར་འཇོག་པ། མཁྲེགས་ལྡན་ཚན་རྩལ་ལ་འཇོག་པ་བཅས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ལག་རྩལ་གནད་ཆེན་འགག་སྒྲོལ་གྱི་ཉེན་ཁ་ཁ་འགྲེམ་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཚན་རྩལ་གྱི་འགན་བཅོལ་སྲིད་ཇུས་མ་ལག་འཛུགས་དགོས། ཕྱི་རྒྱལ་མ་དངུལ་གྱིས་ཀྲུང་གོར་རྐང་དབང་དངུལ་འཇོག་དང་ཉེན་འཁུར་དངུལ་འཇོག་བྱེད་པའི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་དགོས།


(15)ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། སྔར་ལས་དགེ་མཚན་ལྡན་པ་དང་། སྔར་ལས་སྒོ་འབྱེད་ཡིན་པ། སྔར་ལས་ཕན་ནུས་ལྡན་པ་བཅས་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཤེས་ལྡན་མི་སྣ་རང་བདག་གིས་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཐོ་ས་དང་ཤེས་ལྡན་མི་སྣ་འགུག་སྡུད་བྱེད་པའི་ལས་སྟེགས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། འཐབ་ཇུས་ཚན་རིག་པ་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་རྩེ་གྲ་དང་གསར་གཏོད་ཚོགས་པ་བཅས་གསོ་སྐྱོང་དང་སྐྱེད་སྲིང་ཤུགས་ཆེན་དང་། ཕུལ་བྱུང་བཟོ་བཀོད་པ་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་དང་སྐྱེད་སྲིང་ཤུགས་ཆེན་བྱས་ནས། ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། ཐོན་ལས་ལག་རྩལ་བཟོ་པའི་དཔུང་སྡེ་རྩེ་གྲ་འཛུགས་སྐྲུན་བྱེད་དགོས། ཤེས་ལྡན་མི་སྣ་རིམ་ལྡན་འཁོར་རྒྱུག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་ས་ཁོངས་བཀོད་པ་ལུགས་མཐུན་ཡོང་བར་སྐུལ་སྤེལ་བཏང་ནས། ཤར་དབུས་ནུབ་གསུམ་གྱི་ཤེས་ལྡན་མི་སྣའི་རོགས་རེས་ཟབ་སྤེལ་བྱེད་དགོས། ན་གཞོན་གསར་གཏོད་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། འདེམས་སྒྲུག གསོ་སྐྱོང་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ན་གཞོན་ཚན་རྩལ་མི་སྣའི་ཕོགས་ཐོབ་སྔར་ལས་ལྷག་པར་འགན་སྲུང་བྱེད་དགོས། ཚན་ཞིབ་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་ཚན་རིག་ཞིབ་འཇུག་བྱེད་པར་འགན་སྲུང་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས།


ཤེས་ལྡན་མི་སྣར་སྐུལ་ལྕག་གཏོང་བའི་ལམ་སྲོལ་ལ་ཤུགས་རྒྱག་པ་དང་། མི་སྣ་བཀོལ་སྤྱོད་བྱེད་པོར་དབང་ཆ་སྤྲད་དེ་ཤེས་ལྡན་མི་སྣ་འཆིང་ཐག་ལས་གློད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  གསར་གཏོད་ནུས་པ་དང་། སྤུས་ཚད། དངོས་ཕན། བྱས་རྗེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཛུགས་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་དང་ཁེ་ལས་བཅས་ཀྱི་ཤེས་ལྡན་མི་སྣ་སྤེལ་རེས་བྱེད་པའི་རྒྱུ་ལམ་གཤོང་དགོས། ཕྱི་རྒྱལ་ནས་གདན་འདྲེན་ཞུས་པའི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ལྡན་པའི་ཤེས་ལྡན་མི་སྣའི་ལམ་ལུགས་མ་ལག་ཆགས་པར་བྱེད་དགོས། ལག་རྩལ་མཐོ་གྲས་ཀྱི་ཤེས་ལྡན་མི་སྣའི་ཡུལ་མིའི་གནས་སྤོའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་དགོས།


ལྔ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས།


ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམས་སྒྲིག་དང་ཕན་ནུས་ལྡན་པའི་སྲིད་གཞུང་གི་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་དགེ་མཚན་འདོན་སྤེལ་བྱེད་པའི་ནང་གནས་བླང་བྱ་ཡིན། ངེས་པར་དུ་སྤྱི་ཁོག་སྙོམས་སྒྲིག་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས། སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས།


(16)རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་མ་ལག་དང་སྲིད་ཇུས་གཅིག་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།རྒྱལ་ཁབ་ཀྱི་འཐབ་ཇུས་གཏན་འབེབས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་བརྒྱབ་ནས། རྒྱལ་ཁབ་འཐབ་ཇུས་ཀྱི་སྤྱི་ཁོག་ཁྲིད་སྟོན་དང་གཅིག་འདོམས་མཐུན་སྦྱོར་བྱེད་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ་དང་། འཆར་འགོད་སྦྲེལ་མཐུད་དོན་འཁྱོལ་ལམ་སྲོལ་ལ་ཤུགས་རྒྱག་དགོས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཕྱོགས་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་ཀྱི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་དགོས། ཆེད་དམིགས་འཆར་འགོད་དང་ས་ཁོངས་འཆར་འགོད་ལག་བསྟར་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། ཆེད་མཁས་སྤྱི་པའི་ཇུས་གཅོད་ནང་ཞུགས་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས།


རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་དང་། འཐབ་ཇུས་གནད་ཆེན་ལག་བསྟར་བྱེད་པར་དམིགས་ནས་ནོར་སྲིད་དང་། དངུལ་ལོར། ཐོན་ལས། རིན་གོང་། ལས་ཞུགས་སོགས་ཀྱི་སྲིད་ཇུས་ཀྱིས་མཉམ་དུ་ཤུགས་འདོན་པར་སྐུལ་འདེད་གཏོང་བ་དང་། རིགས་མི་འདྲ་བའི་འཕར་གྲངས་ཐོན་ཁུངས་བགོ་སྒྲིག་དང་བསགས་གྲངས་གྲུབ་ཚུལ་ལེགས་སྒྲིག་ལེགས་སྒྱུར་བྱེད་དགོས། རྒྱལ་ཁབ་སྤྱི་ཁོག་རྒྱུ་ནོར་བུན་ཟུག་རེའུ་མིག་དོ་དམ་བྱེད་ཐབས་འཚོལ་ཞིབ་ཀྱིས་ལག་བསྟར་བྱེད་དགོས། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་ཚང་མ་སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་བྱེད་ཁོངས་སུ་འཇུག་དགོས། སྔོན་དཔག་དོ་དམ་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་བསྡོམས་རྩིས་དམིགས་ཚད་ཀྱི་ཞིབ་རྩིས་མ་ལག་ཆ་ཚང་དུ་གཏོང་བ་དང་། དཔལ་འབྱོར་གསར་པ་དང་ཁྱབ་ཁོངས་གསར་པ་བསྡོམས་རྩིས་ནང་བཅུག་ནས་ཁེབས་པར་ཤུགས་རྒྱག་དགོས། ཐོན་ལས་བྱེད་སྒོའི་སྡེ་ཚན་གྱི་བསྡོམས་རྩིས་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྤྱི་ཁྱབ་པུའུ་དང་ཡན་ལག་སྒྲིག་གཞིའི་བསྡོམས་རྩིས་བྱེད་ཐབས་ལེགས་སྒྱུར་བྱས་ཏེ། གཉེར་སྐྱོང་བྱེད་པོའི་བྱེད་སྒོ་སྤེལ་ཡུལ་གྱི་བསྡོམས་རྩིས་རིམ་བཞིན་ཁྱབ་གདལ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།


(17)ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།སྔོན་རྩིས་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་ལ་ཤུགས་བརྒྱབ་སྟེ། སྲིད་འཛིན་དབང་ཆ་དང་། སྲིད་གཞུང་གི་ཡིད་རྟོན། གཞུང་ཁོངས་ཐོན་ཁུངས་རྒྱུ་ནོར་བཅས་ལ་བརྟེན་ནས་ཐོབ་པའི་ཡོང་འབབ་ཚང་མ་སྲིད་གཞུང་གི་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་འཇུག་དགོས། གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་དང་བྱས་འབྲས་གདེང་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གནད་ཆེན་དང་གཞི་རྩའི་དམངས་འཚོར་ནོར་ཤུགས་ཀྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔོན་རྩིས་བཟོ་འགོད་དང་ནོར་སྲིད་སྲིད་ཇུས་ལ་སྤྱི་ཁོག་ནས་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་ཞབས་ཞུའི་བྱས་འབྲས་དོ་དམ་བྱེད་པར་ཤུགས་རྒྱག་པ་དང་། ལས་དོན་མ་བསྒྲུབས་གོང་གི་བྱེད་ནུས་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་མེད་སྔོན་རྩིས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། སྔོན་རྩིས་བགོ་བཤའི་དབང་ཆ་གཅིག་གྱུར་དང་། སྔོན་རྩིས་དོ་དམ་གྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ཇེ་མཐོར་གཏོང་བ། སྔོན་རྩིས་ཡོངས་བསྒྲགས་དང་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། དབང་འགན་འཐོན་བྱའི་ལམ་ལུགས་ཀྱི་སྲིད་གཞུང་གི་ཕྱོགས་བསྡུས་ནོར་དོན་སྙན་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།


སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྤྱི་ཚོགས་དྲང་སྙོམས། ཚོང་ར་གཅིག་གྱུར་བཅས་ཡོང་བར་ཕན་པའི་ཁྲལ་བསྡུའི་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ཁྲལ་བསྡུའི་ལམ་ལུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། ལས་རྣམ་གསར་པ་དང་འཚམ་པའི་ཁྲལ་བསྡུའི་ལམ་ལུགས་ལ་ཞིབ་འཇུག་བྱེད་དགོས། ཁྲལ་བསྡུའི་ཁྲིམས་བཀོད་རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཐད་ཀའི་དཔྱ་ཁྲལ་མ་ལག་ཆ་ཚང་དུ་གཏོང་བ་དང་། ཕྱོགས་བསྡུས་དང་རིགས་འབྱེད་ཟུང་འབྲེལ་གྱི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཉེར་སྐྱོང་གི་ཐོབ་ཆ་དང་། མ་རྩའི་ཐོབ་ཆ། རྒྱུ་ནོར་གྱི་ཐོབ་ཆ་བཅས་ཀྱི་ཁྲལ་བསྡུའི་སྲིད་ཇུས་ཚད་ལྡན་དུ་གཏོང་བ་དང་། ངལ་རྩོལ་རང་བཞིན་གྱི་ཐོབ་ཆར་གཅིག་གྱུར་གྱིས་དཔྱ་ཁྲལ་བསྡུ་རྒྱུ་ལག་བསྟར་བྱེད་དགོས། དཔྱ་ཁྲལ་བསྡུ་ལེན་དང་དོ་དམ་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།


དབང་འགན་ཁ་གསལ་དང་། ནོར་ཤུགས་མཐུན་སྦྱོར། ས་ཁོངས་དོ་སྙོམས་བཅས་ཡོང་བའི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་འཛུགས་དགོས། ས་གནས་ཀྱི་རང་བདག་ནོར་ཤུགས་ཇེ་ཆེར་གཏོང་བ་དང་། ས་གནས་ཀྱི་ཁྲལ་ཁུངས་རྒྱ་སྐྱེད་བཏང་ནས། ས་གནས་ཀྱི་ཁྲལ་བསྡུ་དོ་དམ་དབང་མཚམས་རྒྱ་སྐྱེད་འོས་འཚམ་གཏོང་དགོས། ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆེད་དམིགས་སྤོ་སྒྱུར་གཏོང་སྤྲོད་གཙང་བཤེར་དང་ཚད་ལྡན་དུ་གཏོང་དགོས། སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་མང་དུ་གཏོང་བ་དང་། གྲོང་ཁྱེར་དང་རྫོང་གི་ནོར་ཤུགས་དོན་གཅོད་དབང་ཆ་དང་འཚམ་མཐུན་ཡོང་ཚད་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་འཛུགས་དགོས། འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ལྷུ་ཚིགས་རྗེས་སྤོ་བྱེད་པ་མ་ཟད་བརྟན་པོའི་ངང་ས་གནས་ལ་གཤམ་སྤྲོད་བྱེད་དགོས། གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་སྲིད་ཇུས་དང་ཚབ་འཕྲིའི་མུ་ཕྲེང་འཐུས་ཚང་དུ་གཏོང་བ་དང་། མཉམ་དབང་དཔྱ་ཁྲལ་མཉམ་སྤྱོད་ཀྱི་བསྡུར་ཚད་ལེགས་སྒྱུར་བྱེད་དགོས། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ་དང་། སློབ་གསོའི་གྲོན་དངུལ་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན་བཅས་ས་གནས་ཀྱི་ཟུར་སྣོན་དཔྱ་ཁྲལ་དུ་ཟླ་སྒྲིལ་གཏོང་ཐབས་ཞིབ་འཇུག་བྱེད་པ་དང་། ས་གནས་ལ་ཚད་ངེས་ཅན་ཞིག་གི་ནང་སྤྱད་འཐུས་ཀྱི་ཁྲལ་ཚད་ཞིབ་ཕྲ་གཏན་འཁེལ་བྱེད་དབང་སྤྲོད་དགོས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་གྱི་རྒྱབ་སྐྱོར་ཁྱབ་ཁོངས་རྒྱ་སྐྱེད་ལུགས་མཐུན་གཏོང་བ་དང་། མ་རྩའི་དངུལ་དུ་སྤྱོད་པའི་ཁྱབ་ཁོངས་དང་། གཞི་ཁྱོན། བསྡུར་ཚད་བཅས་རྒྱ་སྐྱེད་འོས་འཚམ་གཏོང་དགོས། སྲིད་གཞུང་གི་བུ་ལོན་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྱབ་ཆེའི་ས་གནས་ཀྱི་བུ་ལོན་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཛུགས་པ་དང་མངོན་མེད་བུ་ལོན་གྱི་ཉེན་ཁ་འགོག་སེལ་གྱི་ཡུན་ཕན་ལམ་སྲོལ་བཙུགས་ནས། ས་གནས་ཀྱི་དངུལ་སྡུད་ལས་སྟེགས་སྒྱུར་བཅོས་རིགས་སྒྱུར་གང་མགྱོགས་བྱེད་དགོས། ཁྲལ་མིན་ཡོང་འབབ་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཁྲལ་མིན་ཡོང་འབབ་ཁག་ཅིག་གི་དོ་དམ་དབང་མཚམས་འོས་འཚམ་གྱིས་གཤམ་སྤྲོད་བྱས་ཏེ། ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྱད་པར་ཡོད་པའི་སྒོ་ནས་དོ་དམ་བྱེད་དགོས།


ཀྲུང་དབྱང་གི་དོན་གཅོད་དབང་ཆར་ཤུགས་རྒྱག་པ་དང་ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་སྒོའི་བསྡུར་ཚད་འོས་འཚམ་གྱིས་མཐོ་རུ་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་རྩ་དོན་ཐོག་ཀྲུང་དབྱང་རང་རིམ་ལ་བརྟེན་ནས་གཏོང་སྒོ་བཀོད་སྒྲིག་བྱེད་པ་དང་། ས་གནས་ལ་མངགས་བཅོལ་བྱས་ཏེ་ཚབ་སྒྲུབ་བྱེད་པའི་ཀྲུང་དབྱང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་ཉུང་དུ་གཏོང་དགོས། སྒྲིག་འགལ་ངང་ས་གནས་ལ་ཆ་འགྲིག་མ་དངུལ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་མི་ཆོག་པ་དང་། ས་གནས་ལ་མངགས་བཅོལ་བྱས་ཏེ་དོན་གཅོད་དབང་ཆ་སྤྱོད་དགོས་ངེས་ཡིན་རིགས། ཆེད་དམིགས་སྤོ་སྒྱུར་གཏོང་སྤྲོད་ལ་བརྟེན་ནས་མ་དངུལ་བཀོད་སྒྲིག་བྱེད་དགོས།


(18)དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཀྲུང་དབྱང་དངུལ་ཁང་ལམ་ལུགས་གང་མགྱོགས་ཀྱིས་འཐུས་ཚང་དུ་གཏོང་བ་དང་། དངུལ་ལོར་སྲིད་ཇུས་བརྒྱུད་འདྲེན་ལམ་སྲོལ་བཀག་མེད་བཟོ་དགོས། ཚན་རྩལ་དངུལ་རྩ་དང་།ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོ་དངུལ་རྩ། གྲངས་ཀའི་དངུལ་རྩ་བཅས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། འཐབ་ཇུས་གནད་ཆེན་དང་གཙོ་གནད་ཁྱབ་ཁོངས། ལྷུ་ཚིགས་ཞན་ས་བཅས་ལ་སྤུས་ལེགས་དངུལ་རྩའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིའི་ངེས་གནས་དང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྐུལ་ལྕག་དང་གཅུན་འདོམས་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། སྣ་མང་རྐང་དབང་དངུལ་བསྡུ་འཕེལ་རྒྱས་གཏོང་བ་དང་། རིམ་པ་མང་བའི་བུན་འཛིན་ཚོང་ར་གང་མགྱོགས་ཀྱིས་འཕེལ་རྒྱས་བཏང་ནས། ཐད་ཀའི་དངུལ་བསྡུའི་བསྡུར་ཚད་ཇེ་མཐོར་གཏོང་དགོས། གཞུང་ཁོངས་དངུལ་རྩའི་མ་རྩར་དོ་དམ་བྱེད་པའི་སྒྲིག་སྲོལ་ལེགས་སྒྱུར་བྱེད་དགོས།


དངུལ་འཇོག་དང་དངུལ་བསྡུ་ཕན་ཚུན་མཐུན་སྦྱོར་ཡོང་བའི་མ་རྩའི་ཚོང་རའི་བྱེད་ནུས་ཆ་ཚང་དུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་རྩའི་ཚོང་ར་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས། ཡུན་རིང་མ་དངུལ་ཚོང་རར་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། མ་རྐང་ཚོང་རར་ཞུགས་པའི་ཀུང་སིའི་སྤུས་ཚད་མཐོ་རུ་གཏོང་བ་དང་། མ་རྐང་ཚོང་རར་ཞུགས་པའི་ཀུང་སིར་ལྟ་སྐུལ་དོ་དམ་དང་ཚོང་ར་ནས་ཕྱིར་འཐེན་བྱེད་པའི་ལམ་ལུགས་ལ་ཤུགས་རྒྱག་དགོས། མ་རྩའི་ཚོང་རའི་ནང་གནས་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་བའི་ཡུན་ཕན་ལམ་སྲོལ་འཛུགས་དགོས། རྐང་བདག་ཆེན་པོ་དང་དངོས་སུ་ཚོད་འཛིན་བྱེད་མཁན་གྱི་བྱ་སྤྱོད་ཚད་གཞི་དང་གཅུན་འདོམས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མ་རྐང་ཚོང་རར་ཞུགས་པའི་ཀུང་སིའི་ཁེ་སྤོགས་བགོ་བཤའི་སྐུལ་ལྕག་དང་གཅུན་འདོམས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མ་དངུལ་འཇོག་མཁན་གྱི་སྲུང་སྐྱོབ་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ས་ཁོངས་རང་བཞིན་གྱི་རྐང་དབང་ཚོང་རའི་སྒྲིག་སྲོལ་སྦྲེལ་མཐུད་དང་ཚད་གཞི་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས།


དངུལ་རྩའི་སྐོར་གྱི་བཅའ་ཁྲིམས་བཟོ་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་དངུལ་རྩའི་བྱེད་སྒོ་ཡོད་ཚད་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་བཅུག་སྟེ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་འགན་འཁྲི་རྩད་གཅོད་ལམ་ལུགས་ལ་ཤུགས་རྒྱག་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ལྟ་སྐུལ་དོ་དམ་མཐུན་སྦྱོར་ཡོང་བར་ཤུགས་རྒྱག་དགོས། བདེ་འཇགས་ནུས་ཆེའི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་། དངུལ་རྩའི་ཚོང་རའི་ཐོ་འགོད་ཚབ་གཉེར་དང་བསྡོམས་རྩིས་དང་གཙང་རྩིས་རྒྱག་པའི་སྒྲིག་སྲོལ་ལམ་ལུགས་གཅིག་གྱུར་བྱེད་དགོས། ཉེན་ཁ་ཐོག་མའི་དུས་ནས་ཡོ་བསྲང་བྱེད་པའི་གཅུན་སྡོམ་བཙན་པོའི་ལམ་ལུགས་འཛུགས་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་པའི་དངུལ་རྩ་བརྟན་བརླིང་གི་འགན་སྲུང་མ་ལག་བརྟན་པོ་འཛུགས་དགོས། དངུལ་རྩའི་འཛད་སྤྱོད་པར་སྲུང་སྐྱོབ་དང་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་རྡུང་རྡེག་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཐོན་ལས་མ་རྩ་དང་དངུལ་རྩའི་མ་རྩའི་“མེ་འགོག་རྩིག་གྱང་”བཟོ་དགོས། དངུལ་རྩའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་བརྟན་གཟབ་ཏན་ཏིག་སྒོ་ནས་སྐུལ་འདེད་བཏང་སྟེ། མི་དམངས་ཤོག་སྒོར་གྱི་གཞིས་བྲལ་ཚོང་ར་འཕེལ་རྒྱས་གཏོང་དགོས། གྲངས་ཀའི་མི་དམངས་ཤོག་སྒོར་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས།


ཞུགས་འཐུས་སྔོན་གྱི་རྒྱལ་དམངས་ཐོབ་ཐང་ལ་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་དཔེ་དབྱིབས་འཐུས་ཚང་དུ་གཏོང་བ་དང་། ཆ་རྐྱེན་དང་མཐུན་པའི་ཕྱི་རྒྱལ་གྱི་མ་དངུལ་སྒྲིག་གཞི་དངུལ་རྩའི་ལས་སྒོའི་ཚོད་ལྟའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་ཚོང་ར་གཅིག་ལ་གཅིག་སྦྲེལ་ཡོང་བར་བརྟན་གཟབ་རྒྱ་སྐྱེད་གཏོང་བ་དང་། ཚད་གཞི་ལོན་པའི་ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་གྱི་ལམ་ལུགས་ལེགས་སྒྱུར་བྱེད་དགོས། རང་བདག་དང་ཚོད་འཛིན་ཐུབ་པའི་རྒྱལ་མཚམས་བརྒལ་བའི་གཏོང་སྤྲོད་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་ཆ་རྐྱེན་འོག་གི་དངུལ་རྩའི་བདེ་འཇགས་ལམ་སྲོལ་ལ་ཤུགས་རྒྱག་དགོས། གཅིག་གྱུར་གྱི་ཁྱབ་ཆེའི་ཕྱི་བུན་ལྟ་སྐུལ་དོ་དམ་མ་ལག་འཛུགས་དགོས། རྒྱལ་སྤྱིའི་དངུལ་རྩ་བཅོས་སྐྱོང་བྱེད་པར་ཧུར་ཐག་གིས་ཞུགས་དགོས།


(19)ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དགེ་མཚན་གསབ་རེས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་མ་ལག་འཛུགས་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པ་དང་།བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཐོད་བརྒལ་གསར་པ་ཐོབ་པ།དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་པོ་ཡོང་བ། ཤར་རྒྱུད་ས་ཁུལ་གྱི་དེང་རབས་ཅན་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་དང་སྲིད་ཇུས་མ་ལག་ཆ་ཚང་དུ་གཏོང་དགོས། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་སོགས་ས་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་སྲོལ་ལེགས་སྒྱུར་བྱེད་དགོས། ཞུང་ཨན་ཁུལ་གསར་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་མངའ་ཁོངས་བར་སྟོང་ལེགས་སྒྱུར་འཕེལ་རྒྱས་ཀྱི་འགན་སྲུང་ལམ་སྲོལ་ལ་ཤུགས་རྒྱག་དགོས། ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་ས་ཁོངས་ལས་བརྒལ་བའི་མཉམ་ལས་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་པ་བཙུགས་ཏེ། ཤར་དབུས་ནུབ་གསུམ་གྱི་ཐོན་ལས་མཉམ་ལས་ཟབ་སྤེལ་བྱེད་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


དྲུག གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་བླང་བྱ་ཡིན། ངེས་པར་དུ་བཟོ་ལས་ཅན་དཔེ་གསར་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་གསུམ་གྱི་མཉམ་འདྲེས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་འདྲ་མཉམ་ངང་བརྗེ་རེས་དང་ཕྱོགས་གཉིས་སུ་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་པར་ཆུང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།


(20)གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཐོན་ལས་རིམ་སྤོར་དང་། མི་འབོར་གཅིག་བསྡུས། གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་བཅས་དགེ་མཚན་ལྡན་པའི་མཉམ་འགུལ་ལམ་སྲོལ་འཛུགས་དགོས། རྒྱུན་སྡོད་གནས་ཡུལ་ནས་ཐེམ་ཐོ་འགོད་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་བ་དང་། ཆ་རྐྱེན་དང་མཐུན་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྱི་སྤྱི་ཚོགས་འགན་བཅོལ་དང་། སྡོད་ཁང་འགན་སྲུང་། མཉམ་སྤོས་བུ་ཕྲུག་གི་འོས་འགན་སློབ་གསོ་སོགས་ཡུལ་སྤོས་ཁུལ་གྱི་ཐེམ་ཐོའི་མི་འབོར་དང་ཁེ་དབང་གཅིག་མཚུངས་ལོངས་སུ་སྤྱོད་པར་སྐུལ་འདེད་བཏང་སྟེ། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་པར་མགྱོགས་སུ་སྒྱུར་དགོས། གྲོང་ཁྱེར་དུ་ཡོང་ནས་གཞིས་བཅས་པའི་ཞིང་པའི་ཁྲིམས་མཐུན་གྱི་ས་ཞིང་ཁེ་དབང་འགན་སྲུང་བྱེད་པ་དང་། གྲོང་ཁྱེར་དུ་ཡོང་ནས་གཞིས་བཅས་པའི་ཞིང་པའི་ས་ཞིང་འགན་གཙང་སྤྲོད་དབང་དང་ཁང་ས་སྤྱོད་དབང་། ཐུན་མོང་ཁེ་ཕན་བགོ་དབང་བཅས་ཁྲིམས་ལྟར་སྲུང་སྐྱོང་། རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱེད་ཐབས་འཚོལ་ཞིབ་བྱས་ནས་འཛུགས་པ་བཅས་བྱེད་དགོས།


མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་། མི་དམངས་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་འཆར་འགོད་མ་ལག་ཆ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་ཞིབ་གཉེར་ལེགས་བསྡུས་བཀོད་པར་སྐུལ་ཁྲིད་བྱེད་དགོས། གྲོང་ཁྱེར་འཛུགས་སྐྲུན་དང་གཉེར་སྐྱོང་། བཅོས་སྐྱོང་བཅས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཀྱིས་སྒྱུར་དགོས། ཚད་བརྒལ་གྲོང་ཁྱེར་དང་གྲོང་ཁྱེར་ཆེན་པོའི་རིག་ལྡན་ནུས་ཆེའི་བཅོས་སྐྱོང་མ་ལག་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་ཆེན་པོའི་མུ་ཁྱུད་གྲོང་ཁྱེར་གཅིག་ཅན་གྱི་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་དགོས། རབ་ཆེའི་གྲོང་རྡལ་གྱི་མི་འབོར་དང་དཔལ་འབྱོར་གཞི་ཁྱོན་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་དབང་ཆ་སྤྲོད་པའི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རྒྱུན་མཐུད་ཐུབ་པའི་གྲོང་ཁྱེར་གསར་སྒྱུར་དཔེ་དབྱིབས་དང་སྲིད་ཇུས་ཁྲིམས་སྲོལ་འཛུགས་པ་དང་། ས་འོག་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་དང་སྦུག་ལམ་རྙིང་པའི་སྒྱུར་བཀོད་རིམ་སྤོར་ལ་ཤུགས་བརྒྱབ་སྟེ། གྲོང་ཁྱེར་གྱི་བདེ་འཇགས་ལྡེམ་ཤུགས་ཆེ་རུ་གཏོང་བའི་བྱ་སྤྱོད་ཟབ་སྤེལ་བྱེད་དགོས།


(21)གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས། ས་ཞིང་འགན་གཙང་ལེན་རིམ་གཉིས་པའི་དུས་ཡུན་ཐིམས་རྗེས་ཡང་བསྐྱར་ལོ་ངོ་སུམ་ཅུའི་རིང་ནར་འགྱངས་དུ་གཏོང་བའི་ཚོད་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་དང་འགན་གཙང་སྤྲོད་དབང་། གཉེར་སྐྱོང་དབང་ཆ་བཅས་ལོགས་འཛུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཞིང་ལས་གཞི་ཁྱོན་རན་པོའི་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས། ཞིང་ལས་གཉེར་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། འགན་གཙང་བླངས་པའི་ས་ཞིང་གི་གཉེར་སྐྱོང་དབང་ཆའི་རྒྱུན་འཁོར་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་པའི་མཉམ་ལས་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་གྱི་རོགས་སྐྱོར་སྲིད་ཇུས་དང་ཞིང་དུད་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པ་གཉིས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྟབས་བདེ་ནུས་ཆེའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དཔེ་གསར་འཕེལ་རྒྱས་གཏོང་བ་དང་། ཐོན་དབང་གསལ་པོ་དང་བགོ་བཤའ་ལུགས་མཐུན་གྱི་འཁོར་སྐྱོད་ལམ་སྲོལ་འཛུགས་པ། ཞིང་པར་རྒྱུ་ནོར་གྱི་ཁེ་དབང་སྔར་ལས་ལྷག་པ་སྤྲོད་པ་བཅས་བྱེད་དགོས།


(22)ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་གཏོང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་རྒྱ་སྐྱེད་གཏོང་བ་དང་། སྣ་མང་ཅན་གྱི་བཟའ་བཅའ་འདོན་སྤྲོད་མ་ལག་བཙུགས་ཏེ། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས། ཞིང་ལས་ཀྱི་ཁ་གསབ་སྲིད་ཇུས་མ་ལག་ལེགས་སྒྱུར་བྱེད་པ་དང་། རིམ་པ་མང་བའི་ཞིང་ལས་འགན་བཅོལ་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་མི་འབོར་ལ་ཁྱབ་པའི་རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་འགྱུར་བཀག་འགོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་ཞན་པའི་ས་ཁུལ་ལ་རིགས་དང་རིམ་པ་བཀར་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་འཛུགས་དགོས། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཁབ་ཀྱིས་གཏོང་འཇོག་བྱས་རིགས་རྒྱུ་ནོར་དུ་གྲུབ་པའི་ཡུན་ཕན་དོ་དམ་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། “ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་ལ་བརྟེན་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།


འབྲུ་འདེབས་ཞིང་པའི་ཁེ་འབབ་འགན་སྲུང་ལམ་སྲོལ་གང་མགྱོགས་ཀྱིས་ཆ་ཚང་དུ་གཏོང་བ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་སྲུང་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཐོན་ཚོང་ཁུལ་གྱི་ཞིང་ཆེན་བར་འཕྲེད་ཕྱོགས་ཁེ་ཕན་ཁ་གསབ་ལམ་སྲོལ་གཅིག་འདོམས་ཀྱིས་འཛུགས་པ་དང་། ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ཐད་ངེས་པ་དོན་གྱི་གོམ་སྟབས་སྤོ་དགོས། འབྲུ་རིགས་ཉོ་ཚོང་དང་གསོག་འཇོག་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་དཔེ་དབྱིབས་གསར་པ་འཛུགས་དགོས། འབྲུ་རིགས་དང་བཟའ་བཅའ་གྲོན་ཆུང་གི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།


(23)ས་ཞིང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རྨོ་ཞིང་སྤྱོད་གསབ་དོ་སྙོམས་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་བཟུང་སྤྱོད་བྱས་པ་སྣ་ཚོགས་གཅིག་གྱུར་གྱིས་དོ་དམ་བྱེད་ཁོངས་སུ་བཅུག་ནས། རྨོ་ཞིང་གི་སྤུས་ཚད་ཞིབ་བཤེར་རྩིས་ལེན་ལམ་སྲོལ་འཐུས་ཚང་དང་ཁ་གསབ་ཏུ་བཏང་སྟེ། དོ་སྙོམས་ཀྱི་ཚད་གཞི་ལོན་པར་འགན་ལེན་ཏན་ཏིག་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་།ཞིབ་བཤེར་རྩིས་ལེན། བདག་སྐྱོང་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་གཞི་རྩའི་ལོ་ཏོག་འདེབས་འཛུགས་ལ་སྤྱོད་པར་འགན་སྲུང་བྱེད་པའི་དོ་དམ་མ་ལག་ཆ་ཚང་དུ་གཏོང་དགོས། ཞིང་དུད་ཀྱིས་རང་བདག་ཁྲིམས་མཐུན་སྡོད་ཁང་བོགས་མར་གཏོང་བ་དང་།མ་རྐང་དུ་འཇོག་པ། མཉམ་ལས་སོགས་ལ་བརྟེན་ནས་གང་འགབ་ཅི་སྤྱོད་བྱེད་དུ་བཅུག་ཆོག གྲོང་གསེབ་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཚོང་རར་ཞུགས་པའི་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ས་ཞིང་གི་གནས་ཐང་འཕར་བའི་ཁེ་འབབ་བགོ་བཤའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།


ས་ཞིང་དོ་དམ་ལེགས་སྒྱུར་བྱས་ཏེ། སྤྱི་ཁོག་སྲིད་ཇུས་དང་ས་ཁོངས་འཕེལ་རྒྱས་གཏོང་བར་ནུས་ཆེའི་འབྲེལ་མཐུད་བྱེད་པའི་ས་ཞིང་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། གཙོ་ཁྲིད་ཐོན་ལས་དང་ལས་གཞི་གནད་ཆེན་གྱི་ལུགས་མཐུན་སྤྱད་ས་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་བྱས་ཏེ། དགེ་མཚན་ལྡན་པའི་ས་ཁུལ་ལ་འཕེལ་རྒྱས་བར་སྟོང་སྔར་ལས་ཆེ་བ་ལྡན་པར་བྱེད་དགོས། གསར་འཕར་བྱུང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་དམིགས་ཚད་བགོ་སྒྲིག་བྱ་རྒྱུ་དང་རྒྱུན་སྡོད་མི་འབོར་འཕར་སྣོན་ཡོང་བ་གཉིས་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཛུགས་དགོས། རྒྱལ་ཁབ་ཀྱིས་གཅིག་སྡུད་ཐོག་གསར་སྦོལ་བྱས་པའི་རྨོ་ཞིང་ཕྱོགས་ངེས་ལྟར་དམིགས་བཙུགས་ལས་གཞི་དང་ས་ཁུལ་གྱིས་སྤྱོད་གསབ་དོ་སྙོམས་དོན་འཁྱོལ་བྱ་རྒྱུའི་ཐད་སྤྱོད་པའི་ལམ་སྲོལ་འཚོལ་ཞིབ་བྱེད་དགོས། གྲོང་ཁྱེར་གྱི་བཟོ་ཚོང་ལས་རིགས་ཀྱི་ས་ཞིང་བཀོལ་སྤྱོད་ལེགས་སྒྱུར་བྱེད་པ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་རིམ་གཉིས་ཚོང་ར་མགྱོགས་པོར་འཕེལ་རྒྱས་གཏོང་བ། ས་ཞིང་མཉམ་བསྲེས་ཀྱིས་གསར་སྤེལ་བེད་སྤྱོད་དང་སྤྱོད་སྒོ་ལུགས་མཐུན་བརྗེ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། བསགས་གྲངས་ས་ཆ་དང་ནུས་ཆུང་ས་ཆ་གང་འགབ་ཅི་སྤྱོད་བཅས་བྱེད་དགོས། ཐོན་ལས་གླིང་ཁུལ་རིགས་ཁག་གི་སྤྱད་སར་ཆེད་དམིགས་བཅོས་སྐྱོང་བྱེད་དགོས། བཟོ་ཚོང་ལས་རིགས་ཀྱི་སྤྱད་སའི་སྤྱོད་དབང་ནར་འགྱངས་དང་དུས་ཡུན་འཐིམ་པའི་རྗེས་མཐུད་སྲིད་ཇུས་བཟོ་དགོས།


བདུན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


སྒོ་འབྱེད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་ཡིན། ངེས་པར་དུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་ཚད་བརྒལ་གཞི་ཁྱོན་ཆེན་པོའི་ཚོང་རའི་དགེ་མཚན་རྒྱབ་རྟེན་དུ་བྱས་ནས་རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་གཏོང་བའི་ཁྲོད་སྒོ་འབྱེད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་སྐྲུན་བྱེད་དགོས།


(24)ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་དགོས། རང་འགུལ་ངང་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་སྦྲེལ་མཐུད་བྱས་ཏེ། ཐོན་དབང་སྲུང་སྐྱོབ་དང་། ཐོན་ལས་ཁ་གསབ། ཁོར་ཡུག་གི་ཚད་གཞི། ངལ་རྩོལ་སྲུང་སྐྱོབ། སྲིད་གཞུང་གི་ཉོ་སྒྲུབ། གློག་རྡུལ་ཚོང་དོན། དངུལ་རྩའི་ཁྱབ་ཁོངས་སོགས་སུ་སྒྲིག་སྲོལ་དང་། སྲོལ་ལུགས། དོ་དམ། ཚད་གཞི་བཅས་གཅིག་མཐུན་གཅིག་འཕྲོད་ཡོང་བར་བྱེད་པ་དང་། ལམ་ལུགས་ཁོར་ཡུག་ཕྱི་གསལ་ནང་གསལ་དང་། བརྟན་བརླིང་། སྔོན་དཔག་ཐུབ་པ་བཅས་སྐྲུན་དགོས། རང་བདག་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། རང་རྒྱལ་གྱི་ཚོང་ཟོག་ཚོང་ར་དང་། ཞབས་ཞུའི་ཚོང་ར། མ་རྩའི་ཚོང་ར། ངལ་ལས་ཚོང་ར་སོགས་གོ་རིམ་ལྡན་པའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས། དར་རྒྱས་ཞན་ཤོས་ཀྱི་རྒྱལ་ཁབ་ལ་ཕྱོགས་རྐྱང་སྒོ་འབྱེད་རྒྱ་ཆེར་གཏོང་དགོས། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། མུ་ཕྲེང་ཡོངས་ཀྱི་དོ་དམ་མངོན་འགྱུར་བྱེད་དགོས།


འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བར་གྱུར་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ནང་ཧུར་ཐག་གིས་ཞུགས་པ། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སྔར་ལས་མང་བ་འདོན་སྤྲོད་བཅས་བྱེད་དགོས། གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་ཆེ་རུ་བཏང་ནས། རྒྱལ་སྤྱིའི་སྤྱི་འགྲོས་སྒྲིག་སྲོལ་དང་འབྲེལ་མཐུད་བྱེད་པའི་སྒྲིག་མཐུན་ལམ་སྲོལ་འཛུགས་པ་དང་། སྒོ་འབྱེད་མཉམ་ལས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་དགོས།


(25)ཕྱི་ཕྱོགས་ཉོ་ཚོང་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཉོ་ཚོང་གི་སྲིད་ཇུས་དང་ནོར་ཁྲལ་དང་། དངུལ་རྩ། ཐོན་ལས་བཅས་ཀྱི་སྲིད་ཇུས་བར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཉོ་ཚོང་རྒྱལ་ཁབ་སྟོབས་ལྡན་གྱི་ལམ་ལུགས་འདེགས་སྐྱོར་དང་སྲིད་ཇུས་རྒྱབ་སྐྱོར་མ་ལག་སྐྲུན་པ་དང་། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ། ཉོ་ཚོང་གྲངས་ཀ་ཅན་དང་ལྗང་མདོག་ཅན་གྱི་འཕེལ་ཕྱོགས་ལ་ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱེད་དགོས། འགག་སྒྲོལ་དང་། ཁྲལ་དོན། ཕྱི་དངུལ་སོགས་ཀྱི་ལྟ་སྐུལ་དོ་དམ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་འཕེལ་རྒྱས་གཏོང་བར་ཕན་པའི་ལམ་ལུགས་ཀྱི་ཁོར་ཡུག་སྐྲུན་དགོས། གྲངས་ཀའི་ཉོ་ཚོང་གསར་གཏོད་ངང་འཕེལ་རྒྱས་གཏོང་བ་དང་། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཉོ་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་འབོར་ཆེ་བའི་ཚོང་ཟོག་ཉོ་ཚོང་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། གོ་ལ་ཧྲིལ་པོའི་བསྡུ་འགྲེམ་ཁག་བགོས་ལྟེ་གནས་འཛུགས་སྐྲུན་བྱེད་དགོས། རིགས་ཁག་གི་བྱེད་པོས་གོ་རིམ་ལྡན་པའི་ངང་རྒྱལ་ཕྱིའི་འཁོར་རྒྱུག་སྒྲིག་བཀོད་ཐད་བཀོད་པ་འདིང་བར་རྒྱབ་སྐྱོར་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་དང་ཐོན་འབོར་ཆེ་བའི་ཚོང་ཟོག་གི་ཐོན་ཁུངས་བགོ་སྒྲིག་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཉོ་ཚོང་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཕྱིར་གཏོང་གི་རྩིས་སྤྲོད་དོ་དམ་མ་ལག་དང་ཉོ་ཚོང་རྒུད་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།


ཞབས་ཞུའི་ཉོ་ཚོང་གསར་གཏོད་ངང་མཐོར་འདེགས་གཏོང་བ་དང་། རྒྱལ་མཚམས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་ཕྱོགས་ཡོངས་ནས་ལག་བསྟར། ཞབས་ཞུའི་ལས་རིགས་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་དཔེ་སྟོན་ལ་སྐུལ་འདེད། ཆེད་ལས་ཞབས་ཞུའི་སྒྲིག་གཞིས་རྒྱལ་སྤྱི་ཅན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་བསྔགས་སྐུལ་བཅས་བྱེད་དགོས། གཞིས་བྲལ་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གཞིས་བྲལ་རྒྱལ་སྤྱིའི་ཉོ་ཚོང་ལས་སྒོ་དཔེ་གསར་འཕེལ་རྒྱས་གཏོང་དགོས། རྒྱལ་མཚམས་བརྒལ་བའི་དངུལ་རྩའི་ཞབས་ཞུའི་མ་ལག་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།


(26)ཕྱི་ཚོང་དངུལ་འཇོག་དང་ཕྱི་ཕྱོགས་ལ་མ་དངུལ་འཇོག་པའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཕྱི་ཚོང་དངུལ་འཇོག་གི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས། ཕྱི་ཚོང་དངུལ་འཇོག་ལ་བསྔགས་སྐུལ་བྱེད་པའི་ཐོན་ལས་དཀར་ཆག་རྒྱ་སྐྱེད་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ལུགས་མཐུན་གྱིས་ཉུང་དུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་སུ་ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཚད་བཀག་ཕྱོགས་ཡོངས་ནས་མེད་པར་བཟོ་བའི་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། གློག་འཕྲིན་དང་། མཉམ་སྦྲེལ་དྲ་རྒྱ། སློབ་གསོ། རིག་གནས། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་རྒྱ་ཆེར་གཏོང་བར་སྐུལ་འདེད་གཏོང་དགོས། ཕྱི་ཚོང་དངུལ་འཇོག་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་ལ་བདག་རྐྱེན་འཐོབ་ལེན་དང་། ཐོབ་ཐང་ཆོག་འཐུས། ཚད་གཞི་གཏན་འབེབས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཐད་ཀྱི་རྒྱལ་དམངས་ཐོབ་ཐང་འགན་སྲུང་བྱེད་པ་དང་། ཐོན་ལས་མུ་ཕྲེང་གི་གོང་འོག་ཆ་འགྲིག་མཉམ་ལས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁོངས་ཕྱིའི་མི་སྣ་རྒྱལ་ཁོངས་སུ་ཡོང་ནས་གཞིས་སྡོད་དང་། སྨན་བཅོས། གཏོང་སྤྲོད་སོགས་བྱེད་པའི་འཚོ་བ་སྟབས་བདེ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཕྱི་ཕྱོགས་ལ་མ་དངུལ་འཇོག་པར་སྐུལ་འདེད་དང་འགན་སྲུང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་། ཕྱི་ཕྱོགས་ལ་མ་དངུལ་འཇོག་པའི་དོ་དམ་ཞབས་ཞུའི་མ་ལག་ཆ་ཚང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཅས་གཏོང་དགོས།


(27)ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་བྱེད་དགོས། ཤར་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་སྒོ་འབྱེད་སྔོན་ཁྲིད་གོ་གནས་སྲ་བརྟན་དུ་གཏོང་བ་དང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་བྱང་ཤར་ས་ཁུལ་གྱི་སྒོ་འབྱེད་ཆུ་ཚད་མཐོར་འདེགས་བཏང་ནས། སྐམ་མཚོ་དང་ཕྱི་ནང་མཉམ་འགུལ་དང་། ཤར་ནུབ་ཕྱོགས་གཉིས་ཕན་ཐོགས་སྒྲུབ་རེས་ཀྱི་ཕྱོགས་ཡོངས་སྒོ་འབྱེད་ཀྱི་རྣམ་པ་གང་མགྱོགས་ཆགས་པར་བྱེད་དགོས། མཚོ་རྒྱུད་དང་མཐའ་རྒྱུད། གཙང་རྒྱུད་དང་འགྲིམ་འགྲུལ་མ་ལམ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ས་ཁོངས་སྒོ་འབྱེད་ཀྱི་བྱེད་ནུས་ལས་བགོས་ལེགས་སྒྱུར་བྱས་ཏེ། དཔེ་རྣམ་སྣ་མང་གི་སྒོ་འབྱེད་མཐོ་ས་སྐྲུན་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་རིམ་སྤར་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཐོག་མའི་གསར་གཏོད་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་ལ་བསྔགས་སྐུལ་བྱེད་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས།


“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་། མཚོ་ཐོག་སྐྱེལ་འདྲེན། ཉོ་ཚོང་ལྟེ་གནས་བཅས་ཀྱི་གོ་གནས་སྲ་བརྟན་དང་ཇེ་མཐོར་གཏོང་དགོས། ཞང་ཀང་དང་ཨའོ་མོན་ལ་རྒྱལ་སྤྱིའི་ཤེས་ལྡན་མི་སྣ་རྩེ་གྲ་འདུ་འཛོམས་བྱེད་པའི་མཐོ་ས་སྐྲུན་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་བྱེད་རིང་ཞང་ཀང་དང་ཨའོ་མོན་གྱིས་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། སྒྲིག་སྲོལ་འབྲེལ་མཐུད་དང་ལམ་སྲོལ་སྦྲེལ་མཐུད་ཡོང་བར་ཤུགས་རྒྱག་དགོས། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས།


(28)སྤུས་ཚད་མཐོ་བའི་ངང་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།“རྒྱུད་གཅིག་ལམ་གཅིག་”གི་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དང་།གྲངས་ཀའི་དཔལ་འབྱོར། མིས་བཟོས་རིག་ནུས།ནུས་ཁུངས།ཁྲལ་བསྡུ། དངུལ་རྩ། གེགས་སེལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། སྐམ་མཚོ་གནམ་དྲ་གཞི་གཅིག་ཅན་གྱི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག་”ལངས་གཟུགས་ཀྱིས་གཅིག་ལ་གཅིག་སྦྲེལ་བྱེད་པའི་དྲ་རྒྱ་འཛུགས་དགོས། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གནད་ཆེན་དང་“ཆུང་ཞིང་མཛེས་”པའི་དམངས་འཚོའི་ལས་གཞིར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས།


བརྒྱད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་དགོས།


བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་སྐྱོད་པ་དང་། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། གལ་ཆེའི་ཆབ་སྲིད་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རིམ་པ་ཁག་གི་དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་བྱེ་བྲག་དང་མངོན་སུམ་གྱིས་མཚོན་དགོས།


(29)མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱིས་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ལྟ་སྐུལ་སྐོར་གྱི་བཅའ་ཁྲིམས་དང་དེའི་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པ་དང་གཞུང་ཁོངས་རྒྱུ་ནོར་དང་སྲིད་གཞུང་གི་བུ་ལོན་ལ་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེར་སྐྱེད་བཅས་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་གཞུང་དོན་གྲོས་མོལ་ལམ་སྲོལ་དང་། རིགས་པས་ཁུངས་སྐྱེལ། དཔྱད་དཔོག དཔྱད་མོལ། དཔང་ཉན་བཅས་ཀྱི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པར་གཏོང་དགོས། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱ་རྒྱུའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས།


(30)གྲོས་མོལ་དམངས་གཙོའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་ཆ་ནས་མི་དམངས་སྲིད་གྲོས་ཀྱིས་ནུས་པ་འདོན་སྤེལ་བྱས་ཏེ། གྲོས་མོལ་སྐུལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་ཕྱོགས་བསྡུས་བཅས་ཀྱི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་ཡུལ་བབ་དམངས་འདུན་ཞུ་བ་དང་། མང་ཚོགས་ལ་འབྲེལ་གཏུག་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོས་མོལ་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། སྲིད་ཏང་གི་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་ཀྱི་ལམ་ལུགས་ཅན་གྱི་ལས་སྟེགས་ཆ་ཚང་དུ་བཏང་སྟེ། གྲོས་མོལ་གྱི་ཐབས་ལམ་སྣ་ཚོགས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐབས་ཇུས་མ་བཀོད་གོང་དང་ཐབས་ཇུས་ལག་ལེན་བྱེད་རིང་གྲོས་མོལ་བྱེད་པའི་དོན་འཁྱོལ་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། གྲོས་མོལ་བྱས་འབྲས་དང་ལེན་དང་། དོན་འཁྱོལ། ལན་སློག་པ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


(31)གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་མ་ལག་དང་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་རྩ་འཛུགས་སྣ་ཚོགས་དང་མང་ཚོགས་གཞི་རིམ་བཅོས་སྐྱོང་ནང་རིམ་ལྡན་ཐེ་ཞུགས་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཅས་བྱེད་དགོས། ལས་སྒྲུབ་ཡོངས་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་དེ་གཞི་རྩའི་རྣམ་པར་བྱེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་དམངས་གཙོའི་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་ལས་བཟོ་པ་དོ་དམ་ནང་ཞུགས་པའི་ནུས་ལྡན་རྣམ་པ་འཐུས་ཚང་དུ་གཏོང་དགོས།


(32)འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་གྱི་བཀོད་པ་འཐུས་ཚང་དུ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གོང་བུར་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཆབ་སྲིད་ནུས་པ་འདོན་སྤེལ་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། ཀྲུང་གོའི་སྲིད་ཏང་ལམ་ལུགས་དཔེ་གསར་རྒྱུན་འཁྱོངས་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཐུས་ཚང་ཡག་པོ་བཅས་བྱེད་དགོས། ཏང་ཕྱིའི་མི་སྣའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ་དང་། ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་བཟོ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་རྒྱག་དགོས། ཏང་ཕྱིའི་ཤེས་ཡོན་པ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣར་ཆབ་སྲིད་ཁྲིད་སྟོན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་དང་ཕྱིར་སྡོད་རང་མིའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


དགུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས།


ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཡིན། ངེས་པར་དུ་ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ལྷུ་ཚིགས་ཁག་གི་སྒྱུར་བཅོས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་སྲུང་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བཅས་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།


(33)ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་འགན་ལེན་བྱེད་པའི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་དགོས། རྩ་ཁྲིམས་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་དགོས། ཏང་ཨུ་ཡིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་གིས་གདུང་འདེགས། ཕྱོགས་སོ་སོ་ཐེ་ཞུགས་བཅས་བྱེད་པའི་ཁྲིམས་འཛུགས་ལས་དོན་གྱི་བཀོད་པ་འཐུས་ཚང་དུ་གཏོང་དགོས། འཛུགས་བཅོས་འདོར་འགྲེལ་སྒྲིག་བཅས་ཕྱོགས་ལྔ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱིར་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་རྒྱག་པ། རྩ་ཁྲིམས་དང་མཐུན་མིན་ཞིབ་བཤེར་བྱེད་པ་དང་ཐོ་འགོད་ཞིབ་བཤེར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་དགོས། ས་ཁོངས་མཐུན་སྦྱོར་གྱི་ཁྲིམས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། ཏང་ནང་གི་ཁྲིམས་སྲོལ་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་བྱེད་དགོས།


(34)ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྲིད་གཞུང་གི་སྒྲིག་གཞི་དང་། འགན་ནུས། དབང་མཚམས། ལས་རིམ། འགན་འཁྲི་བཅས་ཁྲིམས་བཀོད་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ལ་ཁེབས་པའི་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཇུས་གཅོད་གནད་ཆེན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྲིམས་དང་མཐུན་མིན་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་གི་ཁྲིམས་འཛུགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་འཛིན་ཁྲིམས་བསྟར་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། གཞི་རིམ་ཕྱོགས་བསྡུས་ཁྲིམས་བསྟར་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་གྱི་ལྟ་སྐུལ་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྲིད་འཛིན་ཆད་གཅོད་སོགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲུན་གཅོད་དབང་ཆའི་ཚད་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་ཚད་གཞི་ས་ཁོངས་ལས་བརྒལ་ནས་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་འཛིན་ཆད་གཅོད་དང་ཉེས་དོན་ཆད་གཅོད་ཕྱོགས་གཉིས་འབྲེལ་མཐུད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། སྲིད་འཛིན་ཁྲུན་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐད་ཀའི་དོ་དམ་སྒྲིག་སྲོལ་དང་ས་གནས་ཀྱི་རིམ་བགོས་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐད་ཀའི་དོ་དམ་སྒྲིག་གཞི་དང་ས་གནས་ཀྱི་མཉམ་ལས་གཞོགས་འདེགས་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། མི་འབོར་ཉུང་བའི་རྫོང་གི་སྒྲིག་གཞི་ལེགས་སྒྱུར་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། གསར་སྤེལ་ཁུལ་གྱི་དོ་དམ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། བྱ་ལས་སྡེ་ཚན་གྱི་གྲུབ་ཚུལ་བཀོད་པ་ལེགས་སྒྱུར་བྱེད་པ་དང་སྤྱི་ཕན་རང་བཞིན་ཆེ་རུ་གཏོང་དགོས།


(35)དྲང་གཞག་སྒོས་ཁྲིམས་བསྟར་ཁྲིམས་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ལྟ་ཞིབ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་བྱེད་པ་དང་། ལྟ་ཞིབ་དབང་ཆ་དང་། མྱུལ་ཞིབ་དབང་ཆ། ཞིབ་དཔྱོད་དབང་ཆ། འདྲི་གཅོད་དབང་ཆ། ལག་བསྟར་དབང་ཆ་བཅས་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་བཏང་སྟེ། ཁྲིམས་བསྟར་ཁྲིམས་འཛིན་གྱི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོ་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་ཐེབས་པའི་འོག་ཏུ་འཁོར་སྐྱོད་བྱ་རྒྱུའི་འགན་ལེན་ཏན་ཏིག་བྱེད་དགོས། འདྲི་གཅོད་དབང་ཆ་དང་ལག་བསྟར་དབང་ཆ་ལོགས་སུ་འབྱེད་པའི་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ལག་བསྟར་སྒྲིག་སྲོལ་ཆ་ཚང་དུ་གཏོང་བ། དོ་བདག་དང་། ཞིབ་དཔྱོད་ལས་ཁུངས། སྤྱི་ཚོགས་ཀྱི་སྤྱི་དམངས་བཅས་ཀྱིས་ལག་བསྟར་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་བསྟར་ཁྲིམས་འཛིན་གྱི་རྒུད་སྐྱོབ་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གུན་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛིན་ཡོངས་བསྒྲགས་ཟབ་སྤེལ་དང་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་དགོས། ཆེད་དོན་ཁྲིམས་ཁང་འཛུགས་སྟངས་ཚད་ལྡན་དུ་གཏོང་དགོས། སྲིད་འཛིན་གྱོད་དོན་གྱི་རིམ་འབྱེད་བདག་སྐྱོང་དང་། གཅིག་སྡུད་བདག་སྐྱོང་། ཡུལ་གཞན་དུ་བདག་སྐྱོང་བཅས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། མཐུན་སྦྱོར་ནུས་ཆེའི་ཉེན་རྟོག་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་། ས་གནས་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དམངས་སྤྱོད་མཁའ་འགྲུལ་སྤྱི་བདེ་ལས་ཁུངས་དང་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་སྡེ་ཁག་གི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཉེན་རྟོག་ལས་དོན་གྱི་གཞོགས་འདེགས་མི་སྣའི་དོ་དམ་ལམ་ལུགས་ཚད་ལྡན་དུ་གཏོང་དགོས།


འགྲོ་བ་མིའི་ཐོབ་ཐང་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་བསྟར་ཁྲིམས་འཛིན་ལ་འགན་སྲུང་བྱེད་པར་ཤུགས་རྒྱག་དགོས། ལས་དོན་མ་བསྒྲུབས་གོང་ཞིབ་བཤེར་དང་། ལས་དོན་སྒྲུབ་རིང་ལྟ་སྐུལ། ལས་དོན་བསྒྲུབས་རྗེས་ཡོ་བསྲང་བྱེད་པ་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་དམངས་ཀྱི་མི་ལུས་ཁེ་དབང་ལ་བཙན་འདོམས་བྱེད་ཐབས་དང་དེ་བཞིན་སྒོ་རྒྱ་ཐེལ་གནོན་དང་། བཙན་ཉར། བཀག་སྐྱིལ་སོགས་བཙན་འདོམས་བྱེད་ཐབས་དང་འབྲེལ་བ་ཡོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འགན་དབང་སྤྱད་དེ་ཉེར་ཕྱོགས་ཁྲིམས་འགལ་དང་། ཁྲིམས་འགལ་གྱིས་བཀག་ཉར་བྱེད་པ། ཚ་འདྲི་བྱས་ནས་ངོས་ལེན་བྱེད་དུ་འཇུག་པ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཉེས་དོན་གྱོད་དོན་ལ་ཁྲིམས་རྩོད་པའི་དག་འབུད་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས། ཉེས་གསོག་ཆུང་བའི་ཟིན་ཐོ་བཀག་སྡོམ་ཉར་ཚགས་ལམ་ལུགས་འཛུགས་དགོས།


(36)ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ་དང་། ཁྲིམས་རྩོད་པའི་ལམ་ལུགས་དང་། གཞུང་དཔང་སྒྲིག་སྲོལ། འདུམ་གཅོད་ལམ་ལུགས། འདུམ་འགྲིག་ལམ་ལུགས། ཁྲིམས་འཛིན་གསལ་འབྱེད་དོ་དམ་སྒྲིག་སྲོལ་བཅས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ལེགས་སུ་གཏོང་བ་དང་། ལག་ལེན་ཁྲིད་ཕྱོགས་སུ་འཛིན་པའི་ཁྲིམས་ལུགས་རིག་པའི་སློབ་གྲྭའི་སློབ་གསོ་དང་གསོ་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལོ་ན་མ་སོན་པའི་སྐྱེ་བོའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་སུ་གཏོང་བ་དང་། ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་གསོག་རིགས་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་དོན་བཅོས་བསྲང་སློབ་གསོའི་གཏན་འབེབས་བཟོ་བ་བཅས་བྱེད་དགོས།


(37)ཕྱིར་འབྲེལ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། ཕྱིར་འབྲེལ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་། བཅའ་ཁྲིམས་ཞབས་ཞུ། ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཛུགས་དགོས། ཕྱིར་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་དང་ཁྲིམས་སྐྱོང་ལག་བསྟར་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་བསྟར་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་བྱེད་དགོས། ཕྱིར་འབྲེལ་དམངས་དོན་གྱི་བཅའ་ཁྲིམས་འབྲེལ་བའི་ཁྲོད་དོ་བདག་གིས་ཁྲིམས་ལྟར་བདག་ཁོངས་ཁ་དན་འཇོག་པ་དང་།ཁོངས་ཕྱིའི་བཅའ་ཁྲིམས་བདམས་ནས་སྤྱོད་པ་སོགས་ཁྲིམས་འཛིན་འདྲི་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་སྤྱིའི་ཚོང་དོན་འདུམ་གཅོད་དང་འདུམ་འགྲིག་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་རྩེར་སོན་གྱི་འདུམ་གཅོད་སྒྲིག་གཞི་དང་ཁྲིམས་རྩོད་པའི་ལས་དོན་ཁང་སྐྱེད་སྲིང་བྱེད་དགོས། རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བར་ཧུར་ཐག་གིས་ཞུགས་དགོས།


བཅུ། རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།


ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན། ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེན་པོ་འགྲོ་བའི་གནས་བབ་གསར་པར་མགྱོགས་མྱུར་གྱིས་བསྟུན་པ། གཞི་ཁྱོན་ཆེ་བའི་ཕུལ་བྱུང་རིག་གནས་ཤེས་ལྡན་མི་སྣའི་དཔུང་སྡེ་སྐྱེད་སྲིང་བྱས་ནས་ཆགས་པ་བཅས་བྱས་ཏེ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱེད་དགོས།


(38)འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་ཀྱི་ལས་ཀའི་མ་ལག་ཆ་ཚང་དུ་གཏོང་དགོས། ཏང་ཨུ་(ཏང་ཙུའུ་)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བསམ་བློ་དང་ཆབ་སྲིད་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭ་གསར་གཏོད་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གསར་གཏོད་ལས་གྲྭ་ལག་བསྟར། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་པ་བཅས་བྱེད་དགོས། གསར་འགྱུར་མགྲིན་ཚབ་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཀུན་འདུས་སྨྱན་སྦྱོར་གྱི་ཐོན་སྐྱེད་སྒྲོག་སྤེལ་དང་འཚམ་པའི་ལས་ཀའི་ལམ་སྲོལ་དང་གདེང་འཇོག་མ་ལག་འཛུགས་པ་དང་། གཙོ་རྒྱུག་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལམ་སྲོལ་དང་གླེང་ཕྱོགས་གནས་ཚུལ་ལ་ཁ་གཏད་འཇལ་བའི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་རྒྱུ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཤེས་དཔལ་གསོ་སྐྱོང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་གསར་འཛུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་ལེགས་གཏོང་གསར་གཏོད་བྱེད་དགོས། གྲོང་སྲོལ་ཚུལ་ལྡན་གྱི་འཛུགས་སྐྲུན་ལས་གྲྭ་ལག་ལེན་བསྟར་དགོས། དཔའ་བོ་དང་དཔེ་བཟང་མི་སྣ་དྲིལ་བསྒྲགས་དང་དེར་སློབ་སྦྱོང་བྱེད་པའི་ལམ་སྲོལ་ལེགས་སྒྱུར་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ལམ་སྲོལ་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་གོང་བཀུར་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན། གདོང་མཆོང་བརྩོན་ལེན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་མ་ལག་འཛུགས་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་གཤིས་སྤྱོད་བཅས་འཛུགས་སྐྲུན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ། ཡིད་རྟོན་འཛུགས་སྐྲུན་གྱི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་ལ་རང་རྟོགས་ཀྱིས་བཅའ་ཁྲིམས་བརྩི་སྲུང་དང་སྤྱི་པའི་སྒྲིག་ལམ་དང་སྲོལ་བཟང་བརྩི་སྲུང་ཞུ་བར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ཏེ། རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། རང་དོན་རིང་ལུགས་མཐར་སོན་པ། ལོ་རྒྱུས་ཆད་ལྟའི་རིང་ལུགས་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། དྲ་ཐོག་གི་བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་སོར་དབྱེ་ཅན་དང་གནད་འཁེལ་ཅན་གྱི་ལག་བསྟར་ལམ་སྲོལ་ཆགས་པར་བྱེད་དགོས། ཀུན་སྤྱོད་ཁྱབ་ཁོངས་ཀྱི་གནད་དོན་འབུར་ཐོན་ཅན་མཐུན་སྦྱོར་ངང་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། “འཆལ་སེལ་འགལ་རྡུང་”གི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


(39)རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་འདོན་སྤྲོད་ལམ་སྲོལ་ལེགས་སྒྱུར་བྱེད་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཐད་ཀར་འབྱོར་བའི་ལམ་སྲོལ་འཛུགས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་པའི་རིག་གནས་ཞབས་ཞུའི་ནང་ཞུགས་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་བདག་དབང་དང་སྤྱོད་དབང་ལོགས་འཛུགས་སྒྱུར་བཅོས་ལ་སྐུལ་འདེད་བཅས་བྱེད་དགོས། རིག་གནས་ཁྱབ་ཁོངས་ཀྱི་གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་དང་། རིག་གནས་བྱ་ལས་སྡེ་ཚན་ནང་ཁུལ་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པར་རིགས་དབྱེ་སྐུལ་འདེད། རིག་རྩལ་ཁང་དང་ཚོགས་པ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།


མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་འཐོབ་པ་དང་ཤེས་ལྡན་མི་སྣ་འབྱུང་བ་ཟུང་འབྲེལ་དང་།བརྩམས་ཆོས་གསར་རྩོམ་དང་ཁོར་ཡུག་དམ་འཛིན་ཕན་ཚུན་འབྲེལ་མཐུད་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ཀྱི་ཞབས་ཞུ་དང་། ཁྲིད་སྟོན། སྒྲིག་འཛུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་དགོས། རིག་གནས་ཐོན་ལས་ཀྱི་མ་ལག་དང་ཚོང་རའི་མ་ལག་ཆ་ཚང་དུ་གཏོང་བ་དང་། རིག་གནས་དང་དཔལ་འབྱོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་བྱེད་པ་དང་། རིག་གནས་ཀྱི་ལས་རྣམ་དཔེ་གསར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། རིག་གནས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཞིབ་མཆན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་རྒྱག་དགོས། རིག་གནས་རོལ་རྩེད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ཟབ་སྤེལ་བྱེད་དགོས།


རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལས་ཀའི་མཐུན་སྦྱོར་སྒྲིག་གཞི་འཛུགས་པ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལམ་ལུགས་བཙུགས་ནས། རིག་གནས་ཤུལ་བཞག་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་གཅིག་གྱུར་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་མ་ལག་སྐྲུན་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྩལ་འགྲན་ལུས་རྩལ་གྱི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས།


(40)དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས། དྲ་རྒྱ་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། དྲ་རྒྱའི་ནང་དོན་འཛུགས་སྐྲུན་དང་དོ་དམ་འགན་ནུས་སྡེབ་སྒྲིག་བྱས་ཏེ། གསར་འགྱུར་དྲིལ་བསྒྲགས་དང་དྲ་རྒྱའི་གླེང་ཕྱོགས་གཞི་གཅིག་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་དགོས། བཟོ་གྲུབ་ཅན་གྱི་མིས་བཟོས་རིག་ནུས་འཕེལ་རྒྱས་དང་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དྲ་རྒྱའི་བར་སྟོང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་བ། ལོ་ན་མ་སོན་པའི་སྐྱེ་བོའི་དྲ་རྒྱའི་སྲུང་སྐྱོབ་ལས་ཀའི་མ་ལག་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས།


(41)སྔར་ལས་ཕན་ནུས་ལྡན་པའི་རྒྱལ་སྤྱིའི་སྒྲོག་སྤེལ་མ་ལག་འཛུགས་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་བཀོད་པ་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། གཙོ་རྒྱུག་སྨྱན་སྦྱོར་གྱི་རྒྱལ་སྤྱིའི་སྒྲོག་སྤེལ་ལམ་སྲོལ་སྒྱུར་བཅོས་དང་གསར་གཏོད་ཟབ་སྤེལ་བྱས་ཏེ། ཐབས་ལམ་མང་ཞིང་ལངས་གཟུགས་ཅན་གྱི་ཕྱི་ཕྱོགས་སྒྲོག་སྤེལ་གྱི་བཀོད་པ་མགྱོགས་པོར་འཛུགས་དགོས། ཀྲུང་གོའི་གཏམ་བཤད་དང་ཀྲུང་གོའི་དོན་བརྗོད་མ་ལག་མགྱོགས་པོར་འཛུགས་པ་དང་། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་སྒྲོག་སྤེལ་ཕན་ནུས་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བའི་ལམ་སྲོལ་འཛུགས་དགོས། ཕྱི་རུ་སྐྱོད་པ་དང་ནང་དུ་འདྲེན་པའི་དོ་དམ་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས།


བཅུ་གཅིག དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་དགོས།


འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གནད་ཆེན་ཡིན། ངེས་པར་དུ་གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱས་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་། བདེ་རྩར་ཐུག་ཤོས། ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་སྐོང་དགོས།


(42)ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐོག་མའི་བགོ་བཤའ་དང་། ཡང་བསྐྱར་བགོ་བཤའ། བགོ་བཤའ་ཐེངས་གསུམ་པ་བཅས་མཐུན་སྦྱོར་ཆ་འགྲིག་ཡོང་བའི་ལམ་ལུགས་མ་ལག་བཙུགས་ནས། རྒྱལ་དམངས་ཡོང་འབབ་བགོ་བཤའི་ཁྲོད་ཀྱི་སྡོད་དམངས་ཡོང་འབབ་ཀྱི་བསྡུར་ཚད་མཐོ་རུ་གཏོང་བ་དང་། ཐོག་མའི་བགོ་བཤའི་ཁྲོད་ཀྱི་ངལ་རྩོལ་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་དགོས། ངལ་རྩོལ་པའི་གླ་ཕོགས་ཐག་གཅོད་དང་། ལུགས་མཐུན་འཕར་སྣོན། གཏོང་སྤྲོད་འགན་སྲུང་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བདག་རྐྱེན་ལྟར་བགོ་བཤའ་རྒྱག་པའི་སྲིད་ཇུས་ལམ་ལུགས་ཆ་ཚང་དུ་གཏོང་དགོས། ཁྲལ་བསྡུ་དང་སྤྱི་ཚོགས་འགན་སྲུང་དང་སྤོ་སྒྱུར་གཏོང་སྤྲོད་སོགས་བགོ་བཤའ་བསྐྱར་མའི་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས།


ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། རྒྱུ་ནོར་གསོག་འཇོག་གི་ལམ་སྲོལ་ཚད་ལྡན་དུ་གཏོང་བ། ཐབས་ལམ་མང་པོ་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ནུས་ལྡན་གཏོང་བ་དང་། ཡོང་འབབ་འབྲིང་རིམ་མི་ཚོགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་གཏོང་བ། ཡོང་འབབ་མཐོ་དྲགས་པར་ལུགས་དང་མཐུན་པར་ལེགས་སྒྲིག་བྱེད་པ་བཅས་ཀྱི་ལམ་ལུགས་མ་ལག་ཆགས་པར་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་ཐག་གཅོད་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་རིམ་པ་ཁག་གི་འགན་འཁུར་པའི་གླ་ཕོགས་དང་། ཕོགས་སྣོན་གསབ་དངུལ་སོགས་གཏན་འབེབས་ལུགས་མཐུན་བྱེད་པ་མ་ཟད་ཚད་ལྡན་དམ་ནན་གཏོང་དགོས།


(43)ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་གང་ཐུབ་བཅས་བྱེད་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། གླ་རྒྱག་ཞིང་པ། དམག་ཞབས་འཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཚེ་གང་རིང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ཆ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་སྲིད་ཇུས་མ་ལག་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཐེམ་ཐོ་དང་། མི་སྤྱོད། ཡིག་ཚགས་སོགས་ཀྱི་ཞབས་ཞུའི་སྒྱུར་བཅོས་ལ་དུས་མཉམ་དུ་སྐུལ་འདེད་གཏོང་དགོས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སྒྱུར་དང་། ལས་ཞུགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་དགོས། གོ་སྐབས་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འཁོར་རྒྱུག་ཐབས་ལམ་བདེ་བགྲོད་ཡོང་བར་བྱེད་དགོས། ངལ་རྩོལ་འབྲེལ་བའི་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།


(44)སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས། གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཆ་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གནས་ཐང་སྲུང་འཕར་དང་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་ཆ་ཚང་དུ་གཏོང་དགོས། གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དངུལ་བསྡུ་དང་ཐོབ་ཐང་ལེགས་སྒྲིག་ལུགས་མཐུན་གྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་རིམ་བཞིན་མཐོ་རུ་གཏོང་དགོས། སྐབས་བསྟུན་ལས་ཞུགས་པ་དང་། གླ་རྒྱག་ཞིང་པ། ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ལས་ཤོར་དང་། ལས་རྨས། བུ་བཙའ་བཅས་ཀྱི་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ལས་ཞུགས་བྱ་ཡུལ་དུ་འགན་བཅོལ་ནང་ཞུགས་པའི་ཐེམ་ཐོའི་ཚོད་འཛིན་མེད་པར་བཟོ་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་དང་འབྲེལ་མཐུད་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རིམ་པ་མང་བ་དང་རྟེན་གཞི་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་མགྱོགས་སུ་བཏང་ནས། ལོ་ཕོགས་ལམ་ལུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་ལག་བསྟར་བྱེད་དགོས། ཚོང་ལས་འགན་བཅོལ་སྣ་ཚོགས་ཀྱི་ཁ་གསབ་འགན་སྲུང་གི་ནུས་པ་འདོན་སྤེལ་བྱེད་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ནད་གཞི་ཆེ་གྲས་ཀྱི་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རོགས་སྐྱོབ་མ་ལག་ཆ་ཚང་དུ་གཏོང་དགོས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ལམ་ལུགས་ཆ་ཚང་དུ་གཏོང་དགོས། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་བྱམས་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།


བོགས་ཉོ་མཉམ་འཛིན་གྱི་སྡོད་ཁང་ལམ་ལུགས་གང་མགྱོགས་འཛུགས་པ་དང་། ས་ཁང་ཐོན་ལས་དར་སྤེལ་དཔེ་དབྱིབས་གསར་པ་གང་མགྱོགས་འཛུགས་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕོགས་ལེན་མི་ཚོགས་ཀྱི་དགོས་ངེས་ཀྱི་སྡོད་ཁང་དགོས་མཁོ་སྐོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྣ་མང་ཅན་གྱི་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་བྱེད་དགོས། གྲོང་ཁྱེར་ཁག་གི་སྲིད་གཞུང་ལ་ས་ཁང་ཐོན་ལས་ཚོང་ར་སྙོམ་སྒྲིག་བྱེད་པའི་རང་བདག་དབང་ཆ་གང་ལེགས་སྤྲོད་དགོས་པ་དང་། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་དགོས་ཤིང་། འབྲེལ་ཡོད་གྲོང་ཁྱེར་གྱིས་སྡོད་ཁང་ཉོ་སྒྲུབ་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་མེད་པར་བཟོ་བའམ་ཡང་ན་ཉུང་འཕྲི་བྱེད་དུ་བཅུག་ཆོག་པ་དང་། སྡོད་ཁང་དཀྱུས་མ་དང་སྡོད་ཁང་དཀྱུས་མ་མ་ཡིན་པའི་ཚད་གཞི་མེད་པར་བཟོ་དགོས། ས་ཁང་ཐོན་ལས་གསར་སྤེལ་གྱི་མ་དངུལ་བསྡུ་སྟངས་དང་ཚོང་ཟོག་སྡོད་ཁང་སྔོན་འཚོང་གི་ལམ་ལུགས་སྒྱུར་བཅོས་བྱེད་དགོས། ས་ཁང་ཐོན་ལས་ཀྱི་ཁྲལ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།


(45)གསོ་སྨན་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།བདེ་ཐང་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་ཆ་ཚང་དུ་གཏོང་དགོས། སྤྱི་ཚོགས་མཉམ་བཅོས་དང་། སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར། སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། ཉེན་ཁ་དཔྱད་དཔོག རིམས་ནད་རིག་པའི་བརྟག་དཔྱད། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན། འཕྲལ་བསྟུན་ཐག་གཅོད། སྨན་བཅོས་སྲོག་སྐྱོབ་སོགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། གསོ་སྨན་བཅས་མཐུན་སྦྱོར་ངང་གོང་སྤེལ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་གཤམ་སྐྱོད་དང་ས་ཁོངས་དོ་མཉམ་གྱི་བཀོད་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཚགས་དམ་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་འདོན་པ་བཅས་བྱེད་དགོས། སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་སུ་འཛིན་པའི་གཞུང་གཉེར་སྨན་ཁང་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། སྨན་བཅོས་ཞབས་ཞུ་གཙོ་ཁྲིད་དུ་འཛིན་པའི་དངུལ་སྡུད་ལམ་སྲོལ་འཛུགས་དགོས། གླ་ཕོགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་ཁོངས་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་དགོས། དམངས་གཉེར་སྨན་ཁང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ལྟ་སྐུལ་དོ་དམ་བྱེད་ཐབས་གསར་གཏོད་བྱེད་དགོས། གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་གོང་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད་དང་འཕེལ་རྒྱས་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


(46)མི་འབོར་འཕེལ་རྒྱས་གཏོང་བའི་རྒྱབ་སྐྱོར་དང་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་དགོས། རྒན་རྒོན་ཅན་དུ་འགྱུར་བ་དང་བྱིས་ཉུང་ཅན་དུ་འགྱུར་བར་ཁ་གཏད་འཇལ་བ་གཙོ་གནད་དུ་བཟུང་ནས་མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་འཐུས་ཚང་དུ་གཏོང་བ་དང་། མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁེབས་པའི་མི་འབོར་ཞབས་ཞུའི་མ་ལག་ཆ་ཚང་དུ་བཏང་ནས། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བུ་བཙར་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་ནུས་ལྡན་གྱིས་ཇེ་དམའ་རུ་གཏོང་བ་དང་། བུ་བཙའི་ངལ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། བུ་བཙའི་ཁ་གསབ་ལམ་ལུགས་འཛུགས་པ། གཞི་རྩའི་བུ་བཙའ་དང་བྱིས་པའི་སྨན་བཅོས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མི་སྒེར་གྱི་ཐོབ་ཁྲལ་འཐེན་འཕྲི་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀུན་ཕན་བྱིས་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས། མི་སྤྱོད་མཁན་སྡེ་ཚན་གྱི་བུ་བཅོལ་ཁང་སྒྲུབ་གཉེར་དང་། སྡེ་ཁུལ་གྱི་བསྒར་འཇུག་རྣམ་པའི་བཅོལ་གསོ། ཁྱིམ་ཚང་གི་བཅོལ་གསོ་བྱེད་ས་སོགས་དཔེ་དབྱིབས་སྣ་མང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མི་འབོར་འགྲོ་རྒྱུག་གི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། འབྲེལ་ཡོད་ཀྱི་སྤྱི་པའི་ཞབས་ཞུ་མི་དང་བསྟུན་ནས་སྤེལ་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས་བཅས་ཀྱི་མི་འབོར་ལུགས་མཐུན་ངང་འདུ་འཛོམས་དང་རིམ་ལྡན་ངང་འགྲོ་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས།


མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྐྲ་དཀར་དཔལ་འབྱོར་འཕེལ་རྒྱས་བཏང་ནས་རྒན་རྒོན་ལ་འཚམ་པའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་ལས་ཞུགས་ལས་གནས་སྐྲུན་དགོས། རང་མོས་དང་སྐབས་བསྟུན་གྱི་རྩ་དོན་ལྟར་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་བྱེད་པའི་སྒྱུར་བཅོས་ལ་བརྟན་བརླིང་དང་སྒྲིག་སྲོལ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། གཞི་རྩའི་རྒན་གསོའི་ཞབས་ཞུ་འདོན་སྤྲོད་ལེགས་སྒྱུར་བྱེད་པ་དང་། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་སྐྱེད་སྲིང་བྱེད་དགོས། གཞུང་གཉེར་རྒན་གསོའི་སྒྲིག་གཞིའི་ལས་གཉེར་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཁེ་ལས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་ཐག་གིས་ཞུགས་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་དགོས། རོགས་རེས་རང་བཞིན་གྱི་རྒན་གསོའི་ཞབས་ཞུར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཆད་སྐྱོན་གང་མགྱོགས་གསབ་དགོས། རྟེན་མེད་ཁེར་ལུས་དང་དབང་པོ་སྐྱོན་ཅན་དང་ནུས་ཉམས་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཞབས་ཞུ་ལེགས་བཅོས་གཏོང་བ་དང་། ཡུན་རིང་ལྟ་སྐྱོང་གི་འགན་བཅོལ་ལམ་ལུགས་གང་མགྱོགས་འཛུགས་དགོས།


བཅུ་གཉིས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།


ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་དགོས།


(47)སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ས་ཁོངས་དབྱེ་བ་དང་། ཁྱད་པར་ཅན། གནད་འཕིགས་ལྟ་སྡོམ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ལམ་ལུགས་ལག་ལེན་བསྟར་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། ཁོངས་ཡོངས་དང་རིགས་ཡོངས་སུ་ཁེབས་པ་དང་གཅིག་གྱུར་འབྲེལ་མཐུད་ཀྱི་རྒྱལ་ཁོངས་བར་སྟོང་གི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་དང་འཆར་འགོད་ཆོག་འཐུས་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཐོན་དབང་ལམ་ལུགས་དང་དོ་དམ་ལམ་ལུགས་མ་ལག་ཆ་ཚང་དུ་བཏང་ནས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་མངག་བཅོལ་ལས་ཚབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་བ་སོགས་ཀྱི་འགན་འཁྲིར་དཔྱད་ཞིབ་དང་ལྟ་སྐུལ་བྱེད་པའི་ལམ་ལུགས་འཛུགས་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་སྒྲིག་དགོས།


(48)སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་འགན་འཁྲིའི་མ་ལག་དང་། ལྟ་སྐུལ་དོ་དམ་མ་ལག ཚོང་རའི་མ་ལག བཅའ་ཁྲིམས་ཁྲིམས་སྲོལ་སྲིད་ཇུས་སྐོར་གྱི་མ་ལག་བཅས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གནད་འཕིགས་སྦགས་བཙོག་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་བཅོས་སྐྱོང་། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ལྟེ་བར་འཛིན་པའི་གཏན་འཇགས་ཀྱི་སྦགས་བཙོག་འབྱུང་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། སྦགས་བཙོག་དངོས་རྫས་གསར་པ་མཐུན་སྦྱོར་བཅོས་སྐྱོང་དང་ཁོར་ཡུག་གི་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་པའི་མ་ལག་འཛུགས་དགོས་ཤིང་། སྦགས་བཙོག་དངོས་རྫས་སྣ་མང་མཐུན་སྦྱོར་ངང་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཁོར་ཡུག་ཆ་འཕྲིན་ཁྲིམས་ལྟར་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཁོར་ཡུག་ཐད་ཀྱི་ཡིད་རྟོན་ལྟ་སྐུལ་དོ་དམ་མ་ལག་འཛུགས་དགོས། འབབ་རྒྱུད་གལ་ཆེན་དུ་སྟོད་རྒྱུད་དང་སྨད་རྒྱུད་འབྲེལ་མཐུད་གཞི་གཅིག་ཏུ་འགྱུར་བའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།


སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པར་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྣ་མང་ཅན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཐད་གཏོང་འཇོག་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། ཆུའི་ཐོན་ཁུངས་ཀྱི་དགོས་ངེས་ཀྱི་གཅུན་འདོམས་ལམ་ལུགས་དོན་འཁྱོལ་བྱེད་པ་དང་།ཕྱོགས་ཡོངས་ནས་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་དཔྱ་ཁྲལ་དུ་སྒྱུར་བ་ཁྱབ་སྤེལ་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་རྒྱག་དགོས། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། རང་བྱུང་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། སྐྱེ་ཁམས་ཕྱོགས་བསྡུས་ཀྱིས་གསབ་པར་སྐུལ་འདེད་གཏོང་བ་དང་། འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།


(49)ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། དངུལ་འཇོག རིན་གོང་བཅས་ཀྱི་སྲིད་ཇུས་དང་ཚད་གཞིའི་མ་ལག་ལག་ལེན་བསྟར་དགོས། ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་འཛད་སྤྱོད་ལ་སྐུལ་ལྕག་གཏོང་བའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་རེས་འཁོར་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྲིད་གཞུང་གི་ལྗང་མདོག་ཉོ་སྒྲུབ་སྲིད་ཇུས་ལེགས་སྒྱུར་བྱེད་པ་དང་། ལྗང་མདོག་དཔྱ་ཁྲལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐོན་ཁུངས་བསྡོམས་འབོར་དོ་དམ་དང་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྙིགས་རོ་རེས་འཁོར་བེད་སྤྱོད་མ་ལག་ཆ་ཚང་དུ་གཏོང་དགོས། རྡོ་སོལ་སྦགས་མེད་ཆོད་ཆེའི་སྒོ་ནས་བེད་སྤྱོད་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ནུས་ཁུངས་དཔེ་གསར་གྱི་མ་ལག་འཆར་འགོད་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ནུས་ཁུངས་གསར་པ་བསྡུ་འཛད་དང་སྙོམ་སྒྲིག་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་དགོས། ནུས་ཁུངས་ཟད་གྲོན་གྱི་ཚོད་འཛིན་གཉིས་ཐཱན་འབུད་གཏོང་གི་ཚོད་འཛིན་གཉིས་ལ་ཕྱོགས་ཡོངས་ནས་རིགས་སྒྱུར་བྱེད་པའི་ལམ་སྲོལ་གསར་པ་འཛུགས་དགོས། ཐཱན་འབུད་གཏོང་གི་བསྡོམས་རྩིས་ཞིབ་རྩིས་མ་ལག་དང་། ཐོན་རྫས་ཀྱི་ཐཱན་གྱི་མཚོན་རྟགས་བདེན་མིན་ར་སྤྲོད་ལམ་ལུགས། ཐོན་རྫས་ཀྱི་ཐཱན་རྗེས་ཤུལ་དོ་དམ་མ་ལག་བཅས་འཛུགས་པ་དང་། ཐཱན་ཚོང་རའི་ཉོ་ཚོང་ལམ་ལུགས་དང་དྲོད་ཁང་རླངས་གཟུགས་རང་མོས་ངང་འབུད་ཚད་ཉུང་དུ་གཏོང་བའི་ཉོ་ཚོང་ལམ་ལུགས་ཆ་ཚང་དུ་བཏང་ནས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་ཧུར་ཐག་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།


བཅུ་གསུམ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།


རྒྱལ་ཁབ་བདེ་འཇགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བའི་རྨང་གཞི་གལ་ཆེན་ཡིན། ངེས་པར་དུ་ཕྱོགས་ཡོངས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་སྐུལ་རེས་བཟང་པོ་ཡོང་བ་བཅས་བྱས་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་ཏན་ཏིག་བྱེད་དགོས།


(50)རྒྱལ་ཁབ་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་རྒྱག་དགོས་ཤིང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། འཐབ་ཇུས་མ་ལག སྲིད་ཇུས་མ་ལག ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག་བཅས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་མ་ལག་དང་ཆེད་དམིགས་མཐུན་སྦྱོར་བཀོད་འདོམས་མ་ལག་གལ་ཆེན་འཐུས་ཚང་དུ་གཏོང་དགོས། མཉམ་འགུལ་ཆོད་ཆེའི་རྒྱལ་ཁབ་བདེ་འཇགས་འགོག་སྲུང་མ་ལག་བཙུགས་ནས་རྒྱལ་ཁབ་བདེ་འཇགས་ཐད་ཚན་རྩལ་གྱིས་ནུས་པ་སྩོལ་བར་སྐུལ་འདེད་གཏོང་དགོས།


(51)སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་པའི་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ་དང་། བདེ་འཇགས་ཆེན་པོ་དང་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞིའི་འོག་འཕྲལ་བསྟུན་བཀོད་འདོམས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གཞི་རིམ་གྱི་འཕྲལ་བསྟུན་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། གནོད་འགོག་གེགས་སེལ་རྒུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་གྲལ་བཤེར་བཅོས་སྒྲིག་དང་འགན་འཁྲི་ལྡོག་བཤེར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་དགོས། སྐྱེ་དངོས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་གྱི་ཉེན་ཟོན་སྔོན་བརྡ་གཏོང་བ་དང་སྔོན་འགོག་ཚོད་འཛིན་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་དགོས། དྲ་རྒྱའི་བདེ་འཇགས་སྒྲིག་སྲོལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། མིས་བཟོས་རིག་ནུས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་འཛུགས་དགོས།


(52)སྤྱི་ཚོགས་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་མི་འབོར་དོ་དམ་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་དགོས། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་ཤུགས་རྒྱག་པ། སྤྱི་ཚོགས་ལས་དོན་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། དང་བླངས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་མིའི་ཐད་སྦྲེལ་ཁ་པར་སོགས་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་བྱེད་ནུས་ཆེ་རུ་གཏོང་དགོས། “ནུས་ཆེའི་སྒོ་ནས་དོན་དག་ཅིག་སྒྲུབ་ཐུབ་”པའི་གཙོ་གནད་དོན་ཚན་གྱི་གསལ་ཐོའི་དོ་དམ་ལམ་སྲོལ་དང་རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་ཉམས་ཉེན་ཐེ་ཇུས་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་ཁྲོད་དུ་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཅས་འཛུགས་སྐྲུན་གྱིས་ནུས་པ་འདོན་སྤེལ་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་དགོས།


ཞང་དང་གྲོང་རྡལ་(སྲང་ལམ་)གྱི་འགན་འཁྲི་དང་། དབང་ཆ། ཐོན་ཁུངས་བཅས་ཕན་ཚུན་འཚམ་མཐུན་ཡོང་བའི་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ཞང་དང་གྲོང་རྡལ་(སྲང་ལམ་)གྱི་ཞབས་ཞུ་དང་དོ་དམ་གྱི་སྟོབས་ཤུགས་ལ་ཤུགས་རྒྱག་དགོས། སྤྱི་ཚོགས་བདེ་སྐྱོང་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་གྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ། མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་པ་བཅས་བྱེད་དགོས།


(53)ཕྱིར་འབྲེལ་རྒྱལ་ཁབ་བདེ་འཇགས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མཐའ་འཁོར་གྱི་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། རྒྱལ་ཕྱིའི་ཁེ་ཕན་དང་དངུལ་འཇོག་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། སྔོན་འགོག་ཚོད་འཛིན། སྲུང་སྐྱོབ་བཅས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ལ་ཤུགས་རྒྱག་དགོས། བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཁྲིམས་བསྟར་མཉམ་ལས་ཟབ་སྤེལ་བྱས་ཏེ། རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་རྒྱལ་ཕྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། བཀག་སྡོམ་ལ་ངོ་རྒོལ་དང་། ཐེ་གཏོགས་ལ་ངོ་རྒོལ། “དཔུང་རིང་ཇུས་གཏོགས་”ལ་ངོ་རྒོལ་བཅས་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ནང་ཞུགས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


བཅུ་བཞི། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་དགོས།


རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཡིན། ངེས་པར་དུ་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་ཆེད་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།


(54)མི་དམངས་དམག་དཔུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། དམག་ཨུའི་ལས་ཁུངས་དང་སྡེ་ཁག་གི་འགན་ནུས་བགོ་སྒྲིག་ལེགས་སྒྱུར་བྱེད་པ་དང་། འཐབ་འཛུགས་གྲབས་གསུམ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། ཇུས་གཅོད་གནད་ཆེན་གྱི་བློ་འདྲིའི་དཔྱད་དཔོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཐབ་ཇུས་དོ་དམ་གསར་གཏོད་ཟབ་སྤེལ་བྱེད་པ། དམག་དོན་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། དམག་འཐབ་དམག་གྲབས་དང་དམག་དོན་མི་ཤུགས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་ཆ་འགྲིག་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དམག་དཔུང་གི་སློབ་གྲྭ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། སློབ་གྲྭ་རང་མཚན་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དམག་དཔུང་གི་ཁེ་ལས་དང་བྱ་ལས་སྡེ་ཚན་ལེགས་སྒྲིག་དང་སྒྱུར་བཅོས་བྱེད་དགོས།


(55)མཉམ་འབྲེལ་དམག་འཐབ་མ་ལག་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།དམག་དོན་ཨུ་ལྷན་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་འགན་ནུས་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་ཁྱབ་ཁོངས་གནད་ཆེན་གྱི་བཀོད་འདོམས་བྱེད་ནུས་ཆ་ཚང་དུ་གཏོང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་མཐུན་སྦྱོར་འཁོར་སྐྱོད་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། འཐབ་ཁུལ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། ལས་འགན་ཡོད་པའི་དམག་དཔུང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཚོ་ཆུང་སྒྲིག་འཛུགས་དཔེ་དབྱིབས་འཐུས་ཚང་དུ་གཏོང་དགོས། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བཀོལ་སྤྱོད་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས། དམག་རིགས་དང་དཔུང་རིགས་དཔེ་གསར་གྱི་གྲུབ་ཚུལ་བཀོད་པ་འཛུགས་པ་དང་། འཐབ་ཇུས་ཀྱི་ཟིལ་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཁོངས་གསར་དང་སྤུས་གསར་གྱི་དམག་འཐབ་སྟོབས་ཤུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྲོལ་རྒྱུན་གྱི་དམག་འཐབ་སྟོབས་ཤུགས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་ཤུགས་རྒྱག་པ་བཅས་བྱེད་དགོས། དྲག་ཆས་ཉེན་རྟོག་དམག་དཔུང་གི་སྟོབས་ཤུགས་སྒྲིག་གཞི་ལེགས་སྒྱུར་བྱེད་དགོས།


(56)དམག་དཔུང་དང་ས་གནས་བརྒལ་བའི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྲུན་བྱེད་པའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། དམག་དོན་དང་འབྲེལ་བའི་ཇུས་གཅོད་དོན་གྲོས་མཐུན་སྦྱོར་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱལ་སྲུང་འཛུགས་སྐྲུན་གྱི་དམག་དོན་དགོས་མཁོ་འདོན་ཞུ་དང་དམག་དཔུང་དང་ས་གནས་སྦྲེལ་མཐུད་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཀོད་པ་ལེགས་སྒྱུར་བྱེད་དགོས། གོ་མཚོན་སྒྲིག་ཆས་ཉོ་སྒྲུབ་ལམ་ལུགས་ལེགས་གཏོང་བྱེད་པ་དང་། དམག་རྫས་ཇུས་འགོད་ཀྱི་ཐོབ་འབབ་ལམ་སྲོལ་འཛུགས་པ།གོ་མཚོན་སྒྲིག་ཆས་དེང་རབས་ཅན་གྱི་དོ་དམ་མ་ལག་འཛུགས་པ་བཅས་བྱེད་དགོས། དམག་དཔུང་དང་ས་གནས་ཀྱི་ཚད་གཞི་ཅན་གྱི་ལས་དོན་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འཇིག་རྟེན་འཕུར་སྐྱོད་དང་། དམག་རྫས་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་དང་དོ་དམ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐའ་སྲུང་མཚོ་སྲུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་ལེགས་སྒྱུར་བྱེད་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་མཉམ་འབྲེལ་གྱིས་མཐའ་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དམངས་དམག་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། གཉིས་བཀུར་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།


བཅོ་ལྔ། ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོ་ཁྲིད་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས།


ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། ངེས་པར་དུ་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ།  ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་ཀྱིས་ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས།


(57)ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།ཏང་ཀྲུང་དབྱང་གིས་འགོ་ཁྲིད་དེ་སྒྱུར་བཅོས་ལ་སྤྱི་ཁོག་ཇུས་གཞི་འགོད་པ་དང་། གཅིག་འདོམས་ཀྱིས་མཐུན་སྦྱོར་བྱེད་པ། སྤྱི་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གནད་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་བཀའ་སྒྲུབ་བཀག་སྲུང་འགན་ལེན་ཏན་ཏིག་བྱེད་དགོས། ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་བྱེད་འགན་འཁུར་བ་དང་། ས་ཁུལ་དེ་ག་དང་སྡེ་ཁག་དེ་གའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཇུས་འགོད་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་སྲོལ་འབྱེད་བྱེད་པར་བསྔགས་སྐུལ་བཅས་བྱས་ཏེ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་གསར་པ་གཏོད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་སྐྱོད་པ་དང་། སྤྱི་ཚོགས་ཀྱི་རེ་སྨོན་དང་། མང་ཚོགས་ཀྱི་བློ་གྲོས། ཆེད་མཁས་ཀྱི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས་སྒྱུར་བཅོས་ཀྱི་ཇུས་འགོད་ཁྲོད་བསྡུ་ལེན་གང་ལེགས་བྱེད་དགོས། འགལ་བ་མངོན་གསལ་ཐག་གཅོད་བྱ་རྒྱུར་དམིགས་ཏེ་སྒྱུར་བཅོས་ཀྱི་གྲོས་གཞི་བཟོ་བ་དང་། སྒྱུར་བཅོས་ཀྱི་ཇུས་གཞི་གནད་ཆེན་བཟོ་གྲུབ་ལམ་སྲོལ་ལེགས་སྒྱུར་བྱས་ཏེ། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་དང་། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ནོར་འཛོལ་དག་བཅོས་བྱེད་དགོས། སྒྱུར་བཅོས་ལ་སྐུལ་ལྕག་དང་གླེང་ཕྱོགས་ཁྲིད་སྟོན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྒྱུར་བཅོས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།


(58)ཏང་འཛུགས་སྐྲུན་གྱི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།ཏང་ཡོངས་ཀྱི་སྒྱུར་བཅོས་དམ་འཛིན་དང་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་ཤུགས་འདོན་ས་བྱས་ཏེ། ཏང་འཛུགས་སྐྲུན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་རྒྱག་པ་དང་། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྐུར་སྐུལ་འདེད་བཅས་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། མི་འདེམས་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་པ་གསལ་པོར་འཛུགས་དགོས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འགན་འཁྲི་འཁུར་ཕོད་པ། བློ་སྟོབས་ཆེན་པོས་སྒྱུར་བཅོས་བྱེད་པ། གྲུབ་འབྲས་དངོས་འབུར་དུ་ཐོན་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ལས་བྱེད་པ་འདེམས་སྒྲུག་ཤུགས་ཆེན་བྱེད་པ་དང་། ལས་བྱེད་པས་བྱ་བ་གང་བྱུང་དུ་སྒྲུབ་པ་དང་།མི་སྒྲུབ་པ། སྒྲུབ་མི་ཕོད་པ། སྒྲུབ་མི་མཁས་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་སྐྱེད་པ་དང་ལག་བསྟར་བྱེད་པ་དང་། སྲིད་འབྲས་ཀྱི་ལྟ་བའི་ནོར་འཛོལ་དོན་འབྲས་ལྡན་པར་འགོག་ཟོན་དང་ཡོ་བསྲང་བཅོས་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། “དབྱེ་བ་འབྱེད་དགོས་པ་གསུམ་”དོན་འཁྱོལ་བྱས་ཏེ། ལས་བྱེད་པར་གསར་གཏོད་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་ལྕག་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་སྤར་འབེབས་ཉིས་རུང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ད་ལྟའི་ལས་འགན་འཁུར་མི་འོས་པའི་ལས་བྱེད་པ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་གསོ་སྦྱོང་དང་ལྷག་པར་དུ་གཞི་རྩའི་གསོ་སྦྱོང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཆེད་ལས་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་ལས་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པའི་འགན་འཛིན་ཡུན་ཚད་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། འགོ་ཁྲིད་ཚན་པའི་འགན་འཁུར་པ་གཙོ་བོ་སྒྱུར་བ་དང་རྩིས་སྤྲོད་རྩིས་ལེན་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཆེ་རུ་གཏོང་དགོས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་སྐྲུན་གྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཀྱིས་ཤུགས་ཆེ་རུ་གཏོང་དགོས། ཏང་ཡོན་གྱི་སློབ་གསོ་དོ་དམ་དང་ནུས་པ་འདོན་སྤེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ནང་གི་ཁྲིམས་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ནང་གི་ཁྲིམས་སྲོལ་གྱི་དབང་གྲགས་རང་བཞིན་དང་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས།


(59)ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་སྤེལ་གཏིང་ཟབ་གཏོང་དགོས། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་བཅོས་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཚོགས་འདུའི་ཡིག་ཆ་དང་དཔེ་སྟོན་འཛུགས་པ། ཚད་ལོན་དཔྱད་བསྡུར། དུས་སྟོན་འགྲེམས་ཚོགས་གླེང་སྟེགས་བཅས་བྱེད་སྒོ་སྣ་ཚོགས་རྒྱུན་མཐུད་ཁུ་བསྡུ་དང་ཚད་ལྡན་དུ་གཏོང་དགོས་ཤིང་། གཞི་རིམ་ལ་ཁ་ཕྱོགས་པའི་ལྟ་ཞིབ་དང་། ཞིབ་བཤེར། དཔྱད་ཞིབ་བཅས་ཀྱི་བསྡོམས་འབོར་ཚོད་འཛིན་ནན་པོ་བྱས་ཏེ། བརྟག་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་རྙོག་འཛིང་ཆེ་ཞིང་བསྐྱར་ཟློས་མང་བའི་གནད་དོན་ཐག་གཅོད་བྱེད་དགོས། ཞང་དང་གྲོང་རྡལ་(སྲང་ལམ་)གྱིས་འགན་འཁྲི་སྒྲུབ་པའི་དོན་ཚན་གསལ་ཐོ་བཟོ་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། རྒྱུན་ལྡན་རང་བཞིན་དང་གཅིག་སྡུད་རང་བཞིན་ཟུང་འབྲེལ་བྱེད་པའི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་པ་དང་། ལྟ་སྐུལ་དང་སྒྲིག་བསྟར་ཐད་ཀྱི་“རྣམ་པ་བཞི་”བཀོལ་སྤྱོད་གཏིང་ཟབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་གསོ། གཅུན་སྡོམ། འགན་སྲུང་། སྐུལ་ལྕག་བཅས་ཀྱི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱེད་དགོས།


རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རུལ་སུངས་ཀྱི་འབྱུང་གཞི་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་དགོས། ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། དབང་ཆ་གཅིག་སྡུད་དང་། མ་དངུལ་གཅིག་འདུས། ཐོན་ཁུངས་མང་འདུས་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། སྲིད་ཚོང་ངན་འབྲེལ་གྱིས་ཆབ་སྲིད་སྐྱེ་ཁམས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། ལྐོག་རྔན་སྤྲོད་མཁན་གཙོ་གནད་ལ་མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རུལ་སུངས་དཔེ་གསར་དང་མངོན་མེད་རུལ་སུངས་འགོག་བཅོས་ཀྱི་བྱེད་ཐབས་ནུས་ལྡན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱེད་དགོས། སྙོན་འཛུགས་ཞུ་སྦྱོར་གྱི་བྱ་སྤྱོད་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བྲོས་བྱོལ་བདའ་འདེད་དང་། བྲོས་བྱོལ་སྔོན་འགོག བརྐུས་རྫས་སྙེག་ལེན་བཅས་ཀྱི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།


ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། “འགོ་ཁྲིད་དང་པོ་”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཆ་འགྲིག་ལམ་ལུགས་ཆ་ཚང་དུ་གཏོང་དགོས། དབང་ཆ་བགོ་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ལ་ངོ་རྒོལ་བྱེད་དགོས། སྒྲིག་བསྟར་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། སྐོར་གཟིགས་སྐོར་ཞིབ་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་བརྟག་དཔྱད་ཀྱི་སྒྲིག་གཞིའི་འགན་ནུས་ལེགས་སྒྱུར་བྱེད་པ་དང་། ཐད་ཀར་དོ་དམ་བྱེད་པའི་སྡེ་ཚན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ལ་ཕྱོགས་ཡོངས་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་མངགས་སྡོད་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་ལྟ་སྐུལ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རུལ་རྒོལ་སྐོར་གྱི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་པར་སྐུལ་འདེད་གཏོང་བ་དང་། ལྟ་ཞིབ་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པ། རྒྱལ་མཚམས་བརྒལ་བའི་རུལ་རྒོལ་སྐོར་གྱི་བཅའ་ཁྲིམས་དངོས་སུ་འདོན་པ་བཅས་བྱེད་དགོས།


(60)ལྕགས་གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་ཐབས་ཇུས་དང་བཀོད་སྒྲིག་ཐད། ཏང་ཡོངས་ཀྱིས་ངེས་པར་དུ་བདེན་འཚོལ་དངོས་སྒྲུབ་ཀྱིས་དོན་འཁྱོལ་དམ་འཛིན་དང་། ལས་མཁས་སྒྲུབ་མཁས་ཀྱིས་དོན་འཁྱོལ་དམ་འཛིན་བྱས་ཏེ། གོང་འོག་མཐུན་སྦྱོར་དང་། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ་དང་། སྒྱུར་བཅོས་ཀྱི་འགན་འཁྲི་ཡི་གེ་དང་། དུས་ཚོད་རེའུ་མིག འགོ་མ་གང་བྱེད་ཀྱི་གོ་རིམ་བཅས་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་ཏེ། སྒྱུར་བཅོས་ཁག་གི་ལག་བསྟར་བྱེད་པོ་དང་འགན་འཁྲི་ཁ་གསལ་བཟོ་བ་དང་། སྒྱུར་བཅོས་གནད་ཆེན་དོན་འཁྱོལ་བྱས་ཚུལ་དེ་ལྟ་སྐུལ་ཞིབ་བཤེར་དང་། སྐོར་གཟིགས་སྐོར་ཞིབ་ཀྱི་ནང་དོན་དུ་བཅུག་ནས། གྲུབ་འབྲས་དངོས་དང་ཕན་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་བློར་འབབ་ཚད་ལ་བརྟེན་ནས་སྒྱུར་བཅོས་ལ་ཞིབ་བཤེར་བྱེད་དགོས།


ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་ཡིན། ཕྱི་ཕྱོགས་ལས་དོན་ཐད་ངེས་པར་དུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལག་ལེན་བསྟར་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ། ཕྱི་དོན་ལས་ཀའི་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པར་ཞུགས་པ་དང་སྣེ་ཁྲིད་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བཅས་བྱས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཕྱིའི་ཁོར་ཡུག་བཟང་པོ་སྐྲུན་དགོས།


ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཡོངས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་ཡར་རྒྱས་བརྩོན་ལེན་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང་།ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བར་དཀའ་སྤྱད་འབད་བརྩོན་བྱེད་དགོས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1