མིག་གི་དགའ་སྟོན་དུ་གྱུར་བའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 07-29


ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་26ཉིན་གྱི་དགོང་མོར་2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པ་དང་། འགོ་ཚུགས་མཛད་སྒོ་དེ་ཧྥ་རན་སིའི་སའེ་ན་གཙང་པོ་དང་གཙང་པོའི་ངོགས་གཉིས་གར་སྟེགས་སུ་བྱས་ནས་གཉེར་ཞིང་། དཔལ་འབར་འཁྱེར་མཁན་གྱི་གོམ་སྟབས་དང་བསྟུན་ནས་ཕ་རི་སིའི་ཁྲོམ་གཞུང་དང་གནའ་ཤུལ་གྲགས་ཅན་རེ་རེ་བཞིན་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་ཡོད།

གཅིག

ཨའོ་སི་ཐེ་ལི་ཚེ་ཟམ་པ་ནི་ལུས་རྩལ་པའི་སྐོར་སྐྱོད་ཀྱི་འགོ་འཛུགས་ས་ཡིན་པ་དང་། ཟམ་པ་དེའི་ཐོག་གི་ཆུ་ཡོལ་དལ་མོར་ཕྱེ་བ་དང་བསྟུན་ནས། “ཟློས་གར་ཁང”གི་ཡོལ་བ་ཡང་ཕྱེ་འགོ་ཚུགས་ཡོད། རྒྱལ་ཁབ་ཁག་ནས་ཡོང་བའི་ལུས་རྩལ་པ་སྤྲོ་གསེང་གྲུར་བསྡད་དེ་འདི་ནས་རྡོག་ཐོན་བྱེད་པ་དང་། སྤྱིའི་རིང་ཚད་སྤྱི་ལེ་6གི་སྤྲོ་གསེང་གྲུའི་སྐོར་སྐྱོད་བྱེད་འགོ་ཚུགས། 

ཕ་རི་སིར་ཟློས་གར་ཁང་300ལྷག་ཡོད། ཉིན་དེའི་དགོང་མོར། སྤྱི་ལེ་6ཡོད་པའི་སའེ་ན་གཙང་པོ་དེ“ཟློས་གར་ཁང་ཆེན་མོར”གྱུར་ནས། རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པ་205ཞུགས་པའི་སྤྲོ་གསེང་གྲུ་གཟིངས་85ནི་གར་སྟེགས་ཡིན་ཞིང་། འགོ་ཚུགས་མཛད་སྒོར་ཞུགས་མཁན་ལུས་རྩལ་པའི་འཐུས་མི་ནི་ཟློས་གར་ཁང་ནང་གི་འོད་སྟོང་འཕྲོ་བའི་གཙོ་འཁྲབ་པར་གྱུར་བས། ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག

གཉིས།

ཀྲུང་གོའི་འཐུས་མི་ཚོགས་པ་ཚོགས་རའི་ནང་ཞུགས་པ་དེ་ནི་འགོ་ཚུགས་མཛད་སྒོའི་ཁྲོད་རང་རྒྱལ་གྱི་སྐྱེ་བོ་ཀུན་སེམས་འགུལ་ཆེ་ཤོས་ཐེབས་པའི་སྐད་ཅིག་མ་དེ་ཡིན་ཞིང་། སྐྱེས་པའི་ཕིང་ཕང་སྤོ་ལོའི་ལུས་རྩལ་པ་མྰ་ལུང་དང་བུད་མེད་ཀྱི་གར་སྟབས་རྐྱལ་རྩེད་ཀྱི་ལུས་རྩལ་པ་ཧྥེང་ཡུས་ཀྱིས་དར་ཆ་འཁྱེར་ཡོད། ཀྲུང་གོའི་ལུས་རྩལ་པས་གྱོན་གོས་དམར་པོ་གྱོན་ཞིང་ལག་ཏུ་རྒྱལ་དར་བསྒྲེངས་ཏེ། གྲུ་གཟིངས་ལ་བསྡད་ནས་སའེ་ན་གཙང་པོའི་ཐོག་སྐོར་སྐྱོད་བྱས་ཤིང་། སྤྲོ་སེམས་འཁོལ་བའི་རྣམ་པ་དེར་དྲ་གྲོགས་ཀྱིས“བཀྲག་མདངས་ཆེ་ཤོས་ཀྱི་ཀྲུང་གོའི་དམར་མདངས”ཞེས་བསྔགས་བརྗོད་བྱས་ཡོད།

གསུམ།

འགོ་ཚུགས་མཛད་སྒོའི་བརྙན་ཐུང་ནང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་བཟོ་བའི་བརྒྱུད་རིམ་བསྟན་ཡོད། དེ་ཡང་། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་ཚང་མར་ཨའེ་ཧྥེར་ལྕགས་ཀྱི་མཆོད་རྟེན་ཐོག་གི་ལྕགས་ལེབ་བསྲེས་ཡོད་པ་དང་། རྟགས་མ་རེ་རེའི་དཀྱིལ་དབུས་སུ་ཕ་རི་སིའི་ཨའེ་ཧྥེར་ལྕགས་ཀྱི་མཆོད་རྟེན་ནས་ཁྱེར་བའི་ལྕགས་ལེབ་ཀྱི་ཕྲ་བཏབ་ཡོད། 

བཞི།

ངོ་འབག་གྱོན་པའི་དཔལ་འབར་འཁྱེར་མཁན་ཞིག་ཕ་རི་སིའི་ཁང་ཀླད་ཁག་ཏུ་ཐོན་ཞིང་། དཔལ་འབར་འཁྱེར་མཁན་དེ་ནི་རྩལ་ལ་བྱང་བའི་འཕག་རྒྱུག་ལུས་རྩལ་པ་ཞིག་ཡིན། ཁོང་གིས་འགོ་ཚུགས་མཛད་སྒོའི་ཐོག་གི་ལྷུ་ཚིགས་མང་པོ་སྦྲེལ་མཐུད་བྱས་ཡོད།

ལྔ།

ལུས་རྩལ་པའི་སྐོར་སྐྱོད་བརྒྱུད་རིམ་ཁྲོད་བརྩམས་སྒྲུང་རིང་གྲས《ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང》དང་། རོལ་དབྱངས་ཟློས་གར《ཡ་ང་བའི་འཇིག་རྟེན》གླུ་གར《ཁ་མོན》སོགས་ཧྥ་རན་སེའི་གྲགས་ཅན་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ཀྱི་རྣམ་པ་མང་པོ་བར་བཅུག་བྱས་ཡོད།

དྲུག

འགོ་ཚུགས་མཛད་སྒོའི་ཐོག་ད་དུང《མོང་ན་ལི་ཧྲ》རྐུ་ཤོར་དོན་རྐྱེན་སྐོར་བསྟན་པ་དང་། མཐར་རི་མོའི་བརྩམས་ཆོས་དེའི“རྐུ་མ”ནི་འགུལ་རིས་གློག་བརྙན་གྲགས་ཅན་ནང་གི་མི་སེར་པོ་དེ་ཡིན་ར་སྤྲོད་བྱུང་བས། མི་རྣམས་ལ་དགོད་བྲོ་བག་ཕེབས་ཀྱི་རྣམ་པ་ཞིག་བསྐྲུན་ཡོད།

བདུན།

འགོ་ཚུགས་མཛད་སྒོའི་ཐོག་བུད་མེད་རྟ་པ་ཞིག་གིས་རྟ་བཞོན་ནས་སའེ་ན་གཙང་པོའི་ཐོག་རྒྱུག་ཡོད། ཁོང་གི་ལུས་ལ་ཨོ་ལིམ་ཕིག་གི་སྒོར་དབྱིབས་ལྔའི་དར་ཆ་གྱོན་ཞིང་། ཨོ་ལིམ་ཕིག་གི་སྙིང་སྟོབས་མཚོན་པའི་ཕོ་ཉ་ཞིག་དང་འདྲ་བར་སའེ་ན་གཙང་པོའི་ཐོག་ནས་མགྱོགས་པོར་རྒྱུག་ཡོད། 

བརྒྱད།

འགོ་ཚུགས་མཛད་སྒོའི་ཐོག་ད་དུང་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་ཀྱི་ཀུན་གྱིས་བརྗེད་པར་དཀའ་བའི་རྣམ་པ་བསྐྱར་དུ་མངོན་ཡོད། དྲ་གྲོགས་མང་པོ་ཞིག་གིས་2008ལོའི་ཨོ་རྩལ་འགྲན་ཚོགས་ཡིད་ལ་གསལ་པོར་དྲན་བྱུང་ཞེས་བཤད་ཡོད།

དགུ

གཞས་མ་གྲགས་ཅན་ཞི་ལིན་·ཏི་ཨོང་གིས་ལུས་ཀྱི་ན་ཟུག་བཟོད་བསྲན་གྱིས་བསྐྱར་དུ་གར་སྟེགས་ཐོག་ཡོང་སྟེ། འགྱུར་ཁུག་སྙན་ཞིང་བརྩེ་བ་ཟབ་པའི་གླུ་དབྱངས་ཀྱིས་ལུས་རྩལ་པ་ཚང་མ་ཕ་རི་སིར་ཕེབས་པར་དགའ་བསུ་ཞུས་ཡོད།

བཅུ།

འགོ་ཚུགས་མཛད་སྒོའི་མཇུག་ཏུ་ཕ་རི་སིའི་ཏུའུ་ལེ་ལི་མེ་ཏོག་ལྡུམ་རའི་ནང་གནས་པའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོ་སྤར་ཞིང་། དཔལ་འབར་གཙོ་བོ་དེ་ནི་མཐོ་ཚད་ལ་སྨི་30དང་ཚངས་ཐིག་ལ་སྨི་22ཡོད་པའི་དབུགས་ལྒང་དྲོན་མོ་ཞིག་རེད། དབུགས་ལྒང་ཆེན་མོ་དེས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཁྱེར་ནས་དལ་བུར་དགུང་དུ་འཕྱུར་ཡོད།

ཨོ་རྩལ་འགྲན་ཚོགས་ཀྱི་སྤྲོ་སེམས་ཕ་རི་སི་ལ་ཁྱབ།

ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ནམ་ཡང་ཞུམ་པ་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1