བོད་ཀྱི་རྒྱན་གོས་འགྲེམས་སྟོན་འགྲན་བསྡུར་ཆེན་མོ་དེ་བྲག་མགོ་རྫོང་དུ་གཟབ་རྒྱས་ངང་སྤེལ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 07-29


ཟླ་བ་བདུན་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་བྲག་མགོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཤིང་། བྲག་མགོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རིག་གནས་ཡུལ་སྐོར་ཅུས། ཏེ་དར་བོད་ཀྱི་རྒྱན་གོས་རིག་གནས་བཤམས་མཛོད་ཁང་སོགས་ཀྱིས་སྒྲུབ་འགན་ཁུར་བའི་སྐབས་དང་པོའི་བོད་ཀྱི་རྒྱན་གོས་འགྲེམས་སྟོན་འགྲན་བསྡུར་ཆེན་མོ་དེ་བྲག་མགོ་རྫོང་དུ་གཟབ་རྒྱས་ངང་སྤེལ།

ཐེངས་འདིའི་འགྲན་བསྡུར་ནང་བོད་ལྗོངས་དང་། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་བོད་འབྲེལ་ས་ཁུལ་དང་། དེ་བཞིན་ཀོང་ཏུང་སོགས་མཚོ་རྒྱུད་གྲོང་ཁྱེར་ནས་ཡོང་བའི་བདམས་ཐོན་པ་སུམ་བརྒྱ་ལྷག་གིས་མིང་ཐོ་བཀོད་པ་དང་། དེའི་ནང་ནས་ཕུལ་བྱུང་འགྲན་ཞུགས་པ་ཞེ་གསུམ་མཇུག་མཐའི་འགྲན་བསྡུར་ལ་ཚུད་ཡོད།

ཐེངས་འདིར་འགྲན་ཞུགས་པ་ཚོས་སྟོད་མངའ་རིས་དང་ལྷ་ས། གཞིས་ཀ་རྩེ་དང་ཀོང་པོ། ཡུན་ནན་ཀོང་རྩེད་ར་དང་བདེ་ཆེན། ཁམས་མི་ཉག་དང་རྒྱལ་རོང་། སྡེ་དགེ་དང་རྫ་ཆུ་ཁ། མདོ་སྨད་ཀྱི་དཔའ་རིས་དང་རྨ་ཆུ་སོགས་སྟོད་སྨད་བར་གསུམ་གྱི་ས་བབ་དང་ཡུལ་དུས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་གོས་རྒྱན་གྱོན་ཡོད། རང་བྱུང་གི་ཆ་རྐྱེན་དང་འཚོ་གནས་ཁོར་ཡུག ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སོགས་ཀྱི་དབང་གིས་ཡུལ་ལུང་མི་འདྲ་བའི་རྒྱན་གོས་ཀྱི་བཟོ་ལྟ་དང་ཁ་དོག རྒྱུ་དང་གྱོན་སྟངས་སོགས་ཀྱི་ཐད་ལ་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ཡོད་ལ། འགྲན་ཞུགས་པ་ཚོས་དེའི་ལོ་རྒྱུས་དང་བྱེད་ནུས། ཁྱད་ཆོས་སྐོར་ནས་མཚམས་སྦྱོར་བྱས། དེ་མིན་དེང་རབས་རྒྱན་གོས་ཀྱི་འགྲན་ཞུགས་པ་དག་གིས་སོ་སོས་གྱོན་པའི་རྒྱན་གོས་ལ་གསར་གཏོད་ཀྱི་ཆ་ཅི་ཡོད་པ་དང་ཁྱད་ཆོས་གང་འདྲ་ཡོད་པ། བཟོ་ལྟའི་ཐད་ཀྱི་དེང་རབས་ཀྱི་མཛེས་དཔྱོད་སོགས་ཚང་མར་མཚམས་སྦྱོར་བྱས།

ཉིན་གཅིག་གི་འགྲན་བསྡུར་བརྒྱུད། དཔྱད་བསྐོས་དགེ་རྒན་རྣམ་པས་གདེང་འཇོག་དང་དཔྱད་བརྗོད་གང་མང་གནང་།   ཐེངས་འདིའི་བྱེད་སྒོ་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་བརྙན་སྟེགས་དང་འདར་དབྱངས། ཤམ་བྷ་ལ་ཆ་འཕྲིན་གྱི་མགྲོན་སྣེ། བྲག་མགོ་ལྟ་ཞིབ་ཀྱི་འདར་དབྱངས། དཀར་མཛེས་ཁུལ་བརྙན་འཕྲིན་ཁང་གི་གངས་དཀར་པོ་བརྙན་སྟེགས་སོགས་ནས་དུས་མཉམ་དུ་ཐད་གཏོང་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བའི་ཡིད་དབང་བཀུག་ཡོད་ལ། ཐད་གཏོང་ལ་གཟིགས་མཁན་མི་གྲངས་འབུམ་བརྒྱད་ལྷག་དང་གཟེངས་རྟགས་དང་སྙིང་དམར་སོགས་ཀྱི་གྲངས་ཀ་བྱེ་བ་ཟིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1