གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
སངས་རྒྱས་ཆོས་དང་དགེ་འདུན་གསུམ། །
སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །
རྩེ་གཅིག་པའི་ཡིད་ཀྱིས་སྐྱབས་སུ་མཆི། །
གླུ་མཆོད་པ་འབུལ་ལོ་ཐུགས་རྗེས་ཟུངས། །
ས་འདིའི་ས་ངོ་མ་ཤེས་ན། །
གླིང་གཡོན་འགྲིམ་ལམ་ཁུགས་ཟུར་རེད། །
ང་དང་ང་ངོ་མ་ཤེས་ན། །
འབྲུ་སྒ་སྡེ་སྒྱོགས་ཀྱི་ལྡེ་མིག་ལ། །
སྟོབས་ཆེན་ཆོས་སྐྱོང་བེར་ནག་ཡིན། །
ཧོར་ཡ་མའི་བླ་མ་གུ་རུ་ལགས། །
གཡུང་དྲུང་བོན་རྒྱུད་མ་ཆད་པའི། །
ཡར་འདྲེན་ཧོར་གྱི་སྐྱབས་གནས་རེད། །
ཚེ་འདི་བསགས་དཀར་པོ་དགེ་བ་རྣམས། །
དེ་རིང་ཆུ་ལ་བཏབ་ནས་ཐལ། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
བྱ་ཤི་ཐུར་ལ་འགྲིལ་སྲིད་དེ། །
བྱ་མིག་གྱེན་ལ་བལྟ་དགོས་ཟེར། །
ཁྱོད་རང་ཤོང་རེ་ནག་གུར་ཆུང་ནང་། །
ཞེ་ནག་ཁོག་པས་བསམ་ནག་བསྒོམ། །
ལས་བྱ་བ་ནག་པོར་མི་ཚེ་བསྒྲིལ། །
མཐའ་མ་སྲོག་ནག་མཚོན་ལ་སྦྱར། །
ད་དུང་སྨོན་ལམ་ནག་པོ་བཏབ། །
གཡུང་དྲུང་བསྟན་པ་ནག་འཇོམས་བྱས། །
གནའ་མི་རྒན་པོའི་གཞུང་གཏམ་ལ། །
གཡེར་ཆེན་བླ་མའི་བྱིན་རླབས་དེ། །
ཟང་ཟིང་ནོར་གྱི་གཡབ་དར་བྱེད། །
བར་དོའི་འཕྲང་ལ་འབྱོན་པའི་དུས། །
འགྱོད་པ་མ་བྱེད་བླ་མ་རྣམས། །
དགེ་སློང་གསར་པའི་འདུལ་ཁྲིམས་དེ། །
ངོ་ལྐོག་ཕག་གི་ཚུལ་འཆོས་རེད། །
དཀར་ནག་འབྲས་བུ་སྨིན་པའི་ཚེ། །
བདེན་པ་ཨེ་གདའ་དགེ་སློང་རྣམས། །
རྟོགས་ལྡན་རྒན་པོའི་གདམས་ངག་དེ། །
ཉི་མས་དྲོས་པའི་ཁ་བཤད་རེད། །
འབྱུང་ལུས་གཡང་པོ་ཞིག་དུས་དེར། །
ཕན་གནོད་ཅི་གདའ་སྒོམ་ཆེན་རྣམས། །
གཡུང་དྲུང་བོན་པོའི་མཐུ་རྩལ་དེ། །
ཆང་བཟི་ཕག་གི་གཡོ་ཤེད་རེད། །
དགྲ་འདྲེ་ཐོག་བརྫིས་བྱུང་བའི་དུས། །
སྤྲུལ་རྒྱུ་མི་གདའ་བོན་པོ་རྣམས། །
གཏམ་དེ་ལས་བདེན་པ་གོ་མ་མྱོང་། །
ཡ་མུའི་བོན་པོ་གུ་རུ་ཁྱོད། །
དེ་སྔ་དཀར་ཕྱོགས་ཅི་བྱས་རྣམས། །
དགེ་ལ་མ་རེད་སྡིག་ལ་གྲུབ། །
མཐའ་མ་ལོག་པའི་ས་བོན་རེད། །
ཁྱེད་སྲོག་དམར་ཆད་པའི་རྒྱབ་རོལ་ན། །
བོན་གཡུང་དྲུང་གཤེན་རབ་བསྟན་པ་དེ། །
ས་ནག་པོའི་འོག་ལ་འགྲོ་ངེས་རེད། །
དེ་མིན་པའི་སྨོན་ལམ་འབྲས་བུ་དེ། །
ཚུར་སྨོན་ཡ་མུའི་བླ་མ་ཁྱོད། །
རྡོ་རྗེ་དམྱལ་བའི་གཏིང་རྡོ་གྱིས། །
ཕར་སྨིན་གུར་དཀར་རྒྱལ་པོ་ཁོ། །
ལོ་ཕྱི་ནང་གཉིས་ལས་མ་འགྱངས་པར། །
ཤ་ཁམ་ཁྲག་ཐིགས་བཟོ་རྒྱུ་ཡིན། །
ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །
ནད་མེད་སྨན་པའི་རྒྱལ་པོས་སྲུངས། །
ཚེ་རིང་དཔག་མེད་ཀྱིས་སྐྱོངས། །
ནོར་མེད་ཛམ་བྷ་ལ་ཡིས་སྲུངས། །
དུས་འཁྲུག་གེ་སར་རྒྱལ་པོས་སྐྱོབས། །
གླིང་དཀར་དཔའ་བརྟུལ་དམ་པ་རྣམས། །
དཀར་པོ་ལྷ་ཡི་སྡེ་ཙན་ཡིན། །
མངའ་ཐང་མཐའ་ནས་དར་བར་ཤོག །
ཡ་མུའི་དམ་ཉམས་གུ་རུ་འདི། །
ངན་སྔགས་ཁོག་ལ་བཅུག་བཅུག་ནས། །
མདའ་ཉག་ཕྲན་འགྲིམ་ལམ་དོད་ལེ་མེད། །
དེ་སྟེ་ཞལ་ལུ་དཀར་པོ་དང་། །
གསེར་པའི་ཉི་འབུམ་དར་ཡག་གཉིས། །
ཆོས་ལུ་བུ་ཡི་དར་འཕེན་གསུམ། །
རྨུ་སྤྱང་རིན་ཆེན་དར་ལུ་བཞི། །
འོམ་བུ་ཨ་ནུ་དཔའ་སེང་ལྔ། །
དཔོན་པོ་ཆེ་མགོ་སྤུན་ལྔ་ལ། །
འཛམ་གླིང་གེ་སར་རྒྱལ་པོ་ཡིས། །
རྩེད་མདའ་དགུ་རེ་གནང་ནས་ཡོད། །
ད་རེ་རེ་མི་འཕེན་ཀ་མེད་རེད། །
ཁོ་ཡ་མུའི་བླ་མ་གུ་རུ་ལ། །
དྲག་སྔགས་ཨེ་གདའ་དེ་ནས་འབྱེད། །
འཁོར་ལོ་ཨེ་ཡོད་དེ་ནས་ཤེས། །
མཐུ་སྟོབས་ཅི་ཡོད་དེ་ནས་གསལ། །
མཛུབ་ཁྲིད་ཅི་གདའ་ཤེས་ནས་ཡོང་། །
མུ་སྟེགས་གཤེན་རབ་བོན་པོ་ལ། །
དཔལ་མགོན་ཨེ་གདའ་མཐོང་ནས་ཡོང་། །
ཁོ་རེ་བླ་མ་གུ་རུ་ལགས། །
ཁྱོད་དང་འུ་གུ་གཉིས་པོ་འདི། །
མིག་ཆུང་མངོན་ཤེས་ཡོད་ན་ཡང་། །
ཆོས་བོན་མེ་ཆུ་དགྲ་གཤེད་ཡིན། །
ལྷ་བདུད་ཕན་གནོད་རྒྱབ་འགལ་ཡིན། །
སྲོག་དམར་ཁེབས་པ་ཅི་ལ་ཡོད། །
སྙིང་ཚིམ་བོན་ནག་ཁྱོད་ལ་ཚིམ། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་ཞུ། །