དཔེ་ཀློག་དར་སྤེལ་བཏང་ནས་བཟོ་ཚོང་གི་འགན་འཁྲི་ཕྲག་ཏུ་བླངས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-01


དཔེ་ཀློག་གིས་མི་ཚེ་ལ་འོད་སྣང་སྦྱིན། དཔེ་ཀློག་གིས་མི་སེམས་བདེ་ལ་འགོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར།  ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་བཅས་བྱས་ཏེ། ཨུ་ཡོན་གྱིས་ནུས་ལྡན་འགན་འཁྲི་སྒྲུབ་པར་སྐུལ་སློང་བྱ་ཆེད། སྤྱི་ཟླ་7པའི་ཚེས་28ཉིན། མཛོད་དགེ་རྫོང་དཔལ་འབྱོར་བཟོ་ཚོང་ལས་རིགས་ཁག་གི་ཨུ་ཡོན་རྣམས་བཞག་ལྡོམ་གྲོང་རྡལ་རྒྱ་མཚོའི་སྨན་ཁང་(སི་ཁྲོན་ཞིང་ཆེན་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་། མཛོད་དགེའི་བོད་སྤོས་ཤུལ་བཞག་བཟོ་ཁང་)དུ་འཛོམས་ནས། དཔེ་ཀློག་དར་སྤེལ་བཏང་ནས་བཟོ་ཚོང་གི་འགན་འཁྲི་ཕྲག་ཏུ་བླངས་ཞེས་པའི་བརྗོད་དོན་དཔེ་ཀློག་བྱེད་སྒོ་སྤེལ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཧའེ་ཡུན་གདན་ཞུས་ལྟར་ཐེངས་འདིའི་བྱེད་སྒོར་ཞུགས།

བྱེད་སྒོར་ཨུ་ཡོན་རྣམས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་། སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ལས་དོན་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྦྱངས་པ་བེད་སྤྱོད་ཇི་ལྟར་བྱ་རྒྱུའི་ཐད་སྤེལ་རེས་བྱས། རྫོང་ཨུའི་དགོངས་པ་བརྩི་སྲུང་དང་ལྟེ་གཉིས་མཉམ་གཏོད། ཕྱུག་གསུམ་མཉམ་སྤེལ། ཁུལ་བཞི་མཉམ་བསྐྲུན་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུར་བར་གྲོས་བསྡུར་བྱས། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། དད་མོས་ཀྱི་རྨང་གཞི་བརྟན་འཛུགས་ཀྱིས་བསམ་བློའི་རྒྱགས་ཕྱེ་བསྣན་དགོས། བསམ་ཕྱོགས་ཇེ་བརྟན་དུ་བཏང་ནས་དཔེ་ཀློག་བྱེད་སྒོ་དེ་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་ཁྱབ་སྤེལ་བཅས་ཀྱི་བརྒྱུད་རིམ་དུ་ཚུད་པར་བྱེད་དགོས། མདུན་གྲལ་ཤེས་བྱར་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ཐབས་ཇུས་དང་སྲིད་ཇུས་སྔར་ལས་ལེགས་པོ་འཛུགས་པར་གྲོས་འགོ་གང་ལེགས་འདོན་དགོས། འགན་འཁྲི་ལྟར་ཨུ་ཡོན་གྱིས་དཔེ་ཀློག་བྱེད་པའི་འཁོར་སྐྱོད་ཆུང་ཆུང་ལ་བརྟེན་ནས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འཁོར་སྐྱོད་ཆེན་པོ་གཏོད་དགོས་པའི་བླང་བྱ་བཏོན།

དཔེ་ཀློག་བྱེད་སྒོ་མཇུག་སྒྲིལ་རྗེས། ཨུ་ཡོན་རྣམས་ཀྱིས་གནས་ཚང་གཉེར་སྐྱོང་དང་བཟའ་བཏུང་ཞབས་ཞུ་སོགས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། འབྲུག་དཀར་གཙང་པོའི་ཆུ་མགོ་ནས་གཙང་པོ་ཆེན་མོའི་མགོ་ཁུངས་རང་བྱུང་སྲུང་སྐྱོང་གི་རྟོག་ཞིབ་བྱེད་སྒོ་སྤེལ། གཞན་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1