ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་7ཚེས་30ཉིན་གྲོས་ཚོགས་འཚོགས་ནས། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ།《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
གྲོས་ཚོགས་ཐོག །ལོ་འདི་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག །ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཀའ་ངལ་གདོང་གིས་བསུ་བ་དང་བྱ་སྤྱོད་ཧུར་ཐག་སྤེལ་ཐོག །བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། བསྐྱར་འཕར་དང་ལེགས་ཕྱོགས་ཀྱི་རྣམ་པ་རྒྱུན་མཐུད་ཐུབ་པ། སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གསོ་སྤེལ་མགྱོགས་པོ་བྱུང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད་པའི་ངོས་འཛིན་བྱས་ཡོད།
གྲོས་ཚོགས་ཐོག །མིག་སྔར་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་མང་དུ་འགྲོ་བ་དང་། རྒྱལ་ནང་གི་ནུས་ལྡན་དགོས་མཁོ་མི་འདང་བ། དཔལ་འབྱོར་འཁོར་སྐྱོད་ཁ་ཐོར་དུ་ཕྱིན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་སྔར་བཞིན་ཅུང་མང་བ། སྒུལ་ནུས་གསར་རྙིང་བརྗེ་སྤོར་བྱེད་པར་དཀའ་ངལ་འཕྲད་ཡོད། འདི་དག་ནི་འཕེལ་རྒྱས་ཁྲོད་དང་རྣམ་པ་བརྗེ་སྒྱུར་ཁྲོད་ཀྱི་གནད་དོན་ཡིན་པས། ང་ཚོས་ཉེན་ཁའི་འདུ་ཤེས་དང་མ་མཐའི་མཚམས་ཐིག་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་ནས། ཧུར་བརྩོན་དང་རང་འགུལ་ངང་ཁ་གཏད་གཅོག་དགོས་པ་མ་ཟད། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་བཏང་ནས། ཀྲུང་གོའི་དཔལ་འབྱོར་གྱི་བཀྲག་མདངས་སྔར་བས་རྒྱས་པར་བྱ་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག །ལོ་སྨད་དུ་བསྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་གི་ལས་འགན་ཧ་ཅང་ལྕི་པོ་ཡིན་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་གཞིགས་ནས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་གཏིང་ཟབ་ཏུ་གཏོང་བ། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཚོང་གཉེར་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། ཁྲོམ་རའི་སྔོན་དཔག་བརྟན་པོ་ཡོང་བར་བྱེད་པ། སྤྱི་ཚོགས་ཀྱི་སེམས་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་ཕྱོགས་ཀྱི་འཕེལ་ཚུལ་ཤུགས་ཆེར་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་པ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག །བསྒྱུར་བཅོས་སྒུལ་ཤུགས་སུ་བྱས་ནས་བརྟན་པོའི་ངང་འཕར་སྣོན་དང་གྲུབ་གཞི་ལེགས་སྒྲིག །ཉེན་ཁ་སྔོན་འགོག་བཅས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་འཐེན་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆ་རྐྱེན་འཛོམས་པ་དང་མྱོང་ཚོར་ཐུབ་པའི་བསྒྱུར་བཅོས་བྱེད་ཐབས་ཁག་གཅིག་དུས་ཐོག་ཏུ་འདོན་དགོས། “གཡོ་འགུལ་སྤུ་ཙམ་མི་གཏོང་བ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་བཟང་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་དབང་སྲུང་སྐྱོང་དང་། ཁྲོམ་རར་ཞུགས་འཐུས། མ་རྩ་རྡིབ་ནས་ཕྱིར་འཐེན་བྱེད་པ་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ས་གནས་ཁ་ཤས་ཀྱིས་སྲིད་འཛིན་དང་ཉེས་དོན་གྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་རྩོད་གཞིར་ཐེ་གཏོགས་བྱེད་རིགས་སྔོན་འགོག་དང་ཡོ་བསྲང་བྱ་དགོས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་ནས་བསྒྱུར་བཅོས་གསར་གཏོད་དང་དྲང་གཞག་འགྲན་རྩོད་ཁྲོད་འཛམ་གླིང་གི་ཁེ་ལས་རྩེ་གྲ་སྔར་ལས་མང་བ་མགྱོགས་མྱུར་གཏོད་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག །སྤྱི་ཁོག་སྲིད་ཇུས་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་དགོས། དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་དང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ། གཏན་འཁེལ་ཟིན་པའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཤུགས་མགྱོགས་སུ་གཏོང་བ་དང་། འབོར་ཚད་མང་གཏོང་གི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་སྔ་ཙམ་གྲ་སྒྲིག་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་འདོན་དགོས། ཆེད་དོན་བུ་ལོན་འགྲེམས་སྤེལ་དང་བེད་སྤྱོད་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་སྤྱོད་ཤན་ཆེ་བའི་འཛད་རྫས་འབོར་ཆེན་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་དགོས། ནོར་སྲིད་གཏོང་སྒོའི་གྲུབ་གཞི་ལེགས་སུ་བཏང་ནས། “འགན་ལེན་གསུམ”གྱི་མ་མཐའི་མཚམས་ཐིག་བརྟན་པོ་ཡོང་བ་བྱ་དགོས། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་སྣ་ཚོགས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ཁྲོད་ཆག་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱ་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་ཡོང་བར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཕྱོགས་ཁག་གིས་ཐུན་མོང་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱ་དགོས། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་འགན་གཙོ་བོ་འཁུར་བའི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱ་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག །འཛད་སྤྱོད་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་དེ་དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་དེ་བས་མང་བ་བསྒྱུར་དགོས་ཤིང་། ཐབས་ལམ་མང་པོའི་ཐོག་ནས་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ་དང་། ཡོང་འབབ་དམའ་འབྲིང་མི་ཚོགས་ཀྱི་འཛད་སྤྱོད་ནུས་པ་དང་འཛད་སྤྱོད་འདོད་མོས་ཆེ་རུ་གཏོང་བ། ཞབས་ཞུའི་འཛད་སྤྱོད་དེ་འཛད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་དང་རིམ་སྤོར་གྱི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ཐོག རིག་གནས་ཡུལ་སྐོར་དང་། རྒན་གསོ། ཕྲུ་གུ་གསོ་སྐྱོང་། ཁྱིམ་ལས་སོགས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་དགོས། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་ཧུར་བརྩོན་རང་བཞིན་སྔར་བས་སྐུལ་སློང་བྱས་ཏེ་ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག །གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གཙོད་མཆོང་ཁེ་ལས་དང་ཁེ་ལས་རྭ་གཅིག་མ་གོང་འཕེལ་གཏོང་རྒྱུར་ཤུགས་ཡོད་ནུས་ལྡན་གྱི་རྒྱབ་སྐྱོར་བྱེད་དགོས། ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་བརྒྱབ་ནས། “ནང་འདྲིལ་རྣམ་པའི”འགྲན་རྩོད་ངན་པའི་རིགས་བཀག་འགོག་བྱེད་དགོས། ཁྲོམ་རའི་དྲག་རྒྱལ་ཞན་ཕམ་གྱི་ལམ་སྲོལ་ཤུགས་ཆེར་བཏང་ནས། རྗེས་ལུས་དང་ནུས་ཕྱོད་ཞན་པའི་ཐོན་ནུས་ཕྱིར་འཐེན་བྱེད་པའི་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག །ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྔར་ལས་ལྷག་པའི་སྒོ་ནས་གཏོད་པ། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་ཐོག་རྒྱ་སྐྱེད་གཏོང་བ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཆོག་འཐུས་ཚད་བཀག་བྱ་ཐབས་གཙང་སེལ་གྱི་བླང་བྱ་དོན་འཁྱོལ་བྱེད་པ། རེས་སྐོར་གསར་པའི་ཞབས་ཞུའི་ལས་རིགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཚོད་ལྟའི་བྱ་ཐབས་འདོན་པ། ཕྱི་དངུལ་སྤྱད་ནས་ཁེ་ལས་བརྟན་ཐོག་བསྐྱར་འཕེལ་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། བར་གནས་དངོས་པོའི་ཉོ་ཚོང་དང་སྦགས་མེད་ཉོ་ཚོང་རྒྱ་སྐྱེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག །ཁྱབ་ཁོངས་གཙོ་བོའི་ཉེན་ཁ་རྒྱུན་མཐུད་ངང་འགོག་ཟོན་དང་སེལ་དགོས། ས་ཁང་ཐོན་ལས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ཐོག་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་གསར་པ་དོན་འཁྱོལ་བྱེད་པ་དང་། གསོག་གྲངས་བེད་སྤྱོད་དང་འཕར་གྲངས་ལེགས་གཏོང་གཉིས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གསོག་འཇོག་བྱས་པའི་ཚོང་ཟོག་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་སྡོད་ཁང་དུ་སྤྱོད་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ཁང་པ་རྩིས་སྤྲོད་ཐུབ་རྒྱུ་འགན་ལེན་བྱེད་པའི་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་ཡག་པོ་སྒྲུབ་པ། ས་ཁང་ཐོན་ལས་གོང་འཕེལ་གྱི་དཔེ་དབྱིབས་གསར་པ་ཞིག་གང་མགྱོགས་ཆགས་པ་བྱེད་དགོས། ས་གནས་ཀྱི་བུ་ལོན་གཙང་སེལ་གྱི་ཇུས་གཞི་རྣམས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དང་། ཆ་རྐྱེན་བསྐྲུན་ནས་ས་གནས་ཀྱི་མ་རྩ་བསྡུ་རུབ་སྟེགས་བུའི་བུ་ལོན་གྱི་ཉེན་ཁ་གང་མགྱོགས་སེལ་དགོས། ཉེན་ཁ་འགོག་ཟོན་དང་། ལྟ་འདོམས་ལ་ཤུགས་སྣོན། གོང་འཕེལ་ལ་སྐུལ་འདེད་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། མ་འཇོག་བྱེད་མཁན་གྱི་སེམས་ཤུགས་འཕེལ་བར་བྱེད་པ། མ་རྩའི་ཁྲོམ་རའི་ནང་གནས་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག །གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་བརྒྱུད། གྲོང་གསེབ་མི་འབོར་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཐེབས་པ་དང་དབུལ་པོར་འགྱུར་བའི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས། རྨོ་ཞིང་ལ་སྲུང་སྐྱོབ་དང་སྤུད་ཚད་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བྱས་པ་བརྒྱུད། ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག །དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་སོགས་པའི་མི་ཚོགས་གཙོ་བོའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོབ་དང་ཁ་གཏད་རོགས་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་འགན་སྲུང་དྲ་བ་ཚགས་ཚུད་པོ་བཟོ་དགོས། འབྲུབ་འགོག་གནོད་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། དབྱར་སྒྲོལ་སྐབས་ཀྱི་ནུས་ཁུངས་དང་གློག་ཤུགས་མཁོ་སྤྲོད་ལས་དོན་ཡག་པོ་སྒྲུབ་པ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ། བཟའ་བཅའི་བདེ་འཇགས་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནད་དོན་ཐག་གཅོད་ནན་ཏན་བྱེད་དགོས། སྦགས་གཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་དུས་མཚམས་སྔ་མའི་ཞིབ་འཇུག་ཇུས་བཀོད་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག །ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་སེང་དྲག་འགྲོ་དཀའ་བའི་གཅོང་ནད་ལྟ་བུ་ཡིན་པས། ངེས་པར་དུ་ནུས་ཤུགས་ཆེན་པོ་བཏོན་ནས་ཞིབ་བཤེར་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། གཞི་རིམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”ཡིན་པས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་སྡོམ་ནང་ཚུད་མི་རུང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་རྒྱུན་བསྲིངས་ལྷོད་མེད་ཐོག་ནས་དམ་པོར་འཛིན་པ་དང་། ཀྲུང་དབྱང་གི་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་ཆེད་དོན་ལས་ཀའི་ལམ་སྲོལ་གྱིས་དུས་བཀག་ནང་ཞིབ་བཤེར་ལ་ལྟ་སྐུལ་དང་སྐུལ་འདེད་གཏོང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚན་པ་ཁག་དང་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་ཁག་གིས་ལས་དོན་བཀོད་སྒྲིག་དང་བཀོད་ཇུས་བྱེད་པའི་སྐབས་སུ་དངོས་ཐོན་བདེན་འཚོལ་བྱེད་པ། ཞིང་ཆེན་མན་གྱི་རིམ་ཁག་ཏང་ཨུད་ཀྱིས་གཙོ་གཟུགས་འགན་འཁྲི་ལག་བསྟར་བྱེད་པ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ལག་བསྟར་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག །ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་ཤུགས་ཆེར་གཏོང་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་གཏོང་དང་ནུས་པ་སྤྲོད་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་ནན་ཏན་དང་དེའི་ཞིབ་ཕྲའི་རྩ་དོན་གྱི་དགོངས་པ་ལག་ལེན་བསྟར་བ། ཚོགས་ཡིག་གཉིས་བསྡུས་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་ཞིབ་བཤེར་གྱི་དཔྱད་དཔོག་གཅིག་གྱུར་ངང་ཚད་ལྡན་ཏུ་གཏོང་བ། ཐལ་དྲགས་མང་དྲགས་ཀྱི་གནད་དོན་ཏན་ཏིག་ངང་ཐག་གཅོད་བྱེད་པ། གཞི་རིམ་ནས་ལས་བྱེད་པ་སྐོང་གཡར་བྱ་རྒྱུ་ཚད་ལྡན་ནན་པོ་བཟོ་བ། སྲིད་དོན་སྒུལ་བདེའི་དྲ་བ་བཀོལ་སྤྱོད་ཀྱི་བྱ་རིམ་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། “མཛུབ་རྩེའི་སྟེང་གི་ཕྱི་ཚུལ་རིང་ལུགས”བཅོས་སྐྱོང་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་གྱི་འགན་དབང་གསལ་པོ་བཟོ་བ། ཐོན་ཁུངས་དང་ཞབས་ཞུ། དོ་དམ་བཅས་གཞི་རིམ་ལ་ཕྱོགས་འགྱུར་སྐུལ་འདེད་གཏོང་བ། དཔེ་སྟོན་དང་ཚད་ལོན་གྱི་བྱེད་སྒོ་ཁུ་བསྡུ་དང་གསར་གཏོད་བྱེད་པ། དཔེ་སྟོན་གསར་གཏོད་ཀྱི་ཕན་འབྲས་ལ་སྣང་ཆེན་བྱེད་དགོས། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ནས་ལན་ཆ་ཆེན་པོ་བྱེད་པའི་འབུར་ཐོན་གནད་དོན་ཐད། གཅིག་ཤེས་རྟོགས་བྱུང་ཚེ་གཅིག་བཅོས་སྐྱོང་བྱེད་དགོས། ཚབ་མཚོན་རང་བཞིན་དང་ཡོངས་ཁྱབ་རང་བཞིན་ངེས་ཅན་ལྡན་པའི་གནད་དོན་ཐད། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཆེད་དོན་བཅོས་སྐྱོང་དང་གཙང་སེལ་བྱེད་དགོས་པ་དང་། ཏན་ཏན་ཏིག་ཏིག་སྒོ་ནས་གཞི་རིམ་དེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱལ་ལས་སྒྲོལ་དགོས་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་རྒྱུར་སྣེ་ཁྲིད་བྱེད་པ། འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུར་དེ་བས་མང་བའི་སེམས་ཤུགས་ཡོད་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད། །