རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས།

བསྟན་འཛིན་རིན་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། སྤེལ་དུས། 08-19


          གནའ་བོའི་རྩོམ་རིག་གི་ལོ་རྒྱུས་དགར་ཚུལ།

         གནའ་རབས་རྩོམ་རིག་ནི་ཕ་སྤྲེལ་རྒན་དང་མ་སྲིན་མོ་ནས་བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་སྐབས་ཀྱི་རྩོམ་རིག་ལ་ངོས་འཛིན་པ་དང་། དེ་ལྟར་ངོས་འཛིན་དགོས་པའི་རྒྱུ་མཚན་ནི་གཅིག་བོད་རྗེ་གཉའ་ཁྲི་བཙན་པོའི་དུས་སྐབས་ནས་བཟུང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་ཁ་ཕྱོགས་པ་དང་བསྟུན་སྤྱི་ཚོགས་ལ་འཕེལ་རྒྱས་གང་ཙམ་ཕྱིན་པ་དང་། གཉིས་བརྗོད་བྱའི་དོན་གྱི་ངོས་ནས་བཤད་ན་སྐབས་དེའི་རྩོམ་རིག་གི་ནང་དོན་གཙོ་བོ་ངལ་རྩོལ་མི་དམངས་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་སྐབས་ངག་ནས་ལེན་པའི་གླུ་དང་མི་ཕན་ཚུན་སྐད་ཆ་ཤོད་སྐབས་དར་བའི་མགུར་གླུ་བཅས་གཙོ་བོ་རང་བྱུང་ཁམས་ལ་ངོས་འཛིན་བྱེད་སྟངས་སྐོར། དེའང་རྗོད་བྱེད་ཚིག་ངོས་ནས་བཤད་ན་གླུ་ཚིག་གཙོ་བོ་ཡིན་པ་དང་ཁྱད་ཆོས་གཙོ་བོ་ནི་ཚིག་གོ་བདེ་བ་དང་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ་ཡིན་པས་དུས་སྐབས་འདི་ཡི་ནང་དུ་བོད་ཀྱི་རྩོམ་རིག་ལ་མྱུ་གུ་འབུས། དུས་རིམ་འདིའི་ནང་དུ་བྱུང་བའི་རྩོམ་རིག་ཁག་བརྗོད་ན་གཙོ་བོ། སྒྲུང་ལྡེའུ་བོན་གསུམ་དང་། མགུར་གླུ གཏམ་དཔེ། ཆང་བཤད་ཤགས་ཚིག་སོགས་མང་དག་བྱུང་བ་དང་དེ་དག་གི་དགོས་པ་ནི་མི་རྣམས་ཀྱི་རང་བྱུང་ཁམས་ཆེན་མོར་རྒྱུས་ལོན་བྱ་ཕྱིར་ཡིན། རྒྱུ་མཚན་ནི་རྩོམ་རིག་གི་བྱ་དངོས་ངོས་འཛིན་དང་ཤེས་རྟོགས་ཀྱི་ནུས་པ་ཐོན་པས་སོ།

         བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག

         བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་དར་མ་འུ་དུམ་བཙན་པོའི་བར་གྱི་བརྩམས་ཆོས་ལ་ཟེར་བ་ཡིན། དེ་ལྟར་ངོས་འཛིན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་གཅིག་སྤྱི་ཚོགས་ཀྱི་སྒྲིག་གཞི་ནི་བྲན་གཡོག་སྤྱི་ཚོགས་ནས་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ལ་གོམས་སྟབས་སྤོས་པ་དང་། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་ཏུ་གྱུར་བ་དང་ཐོན་མིས་བོད་ཡིག་གསར་བཅོས་གནང་བ།   ལོ་ཙྭ་བ་ཁག་གིས་རྒྱ་གར་ཡུལ་ནས་ལུགས་ཀྱི་བསྟན་བཅོས་མང་དག་བོད་ཡིག་ཏུ་སྒྱུར།   བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སངས་རྒྱས་ཆོས་ལུགས་བོད་ལ་དར་འཕེལ་ཤུགས་ཆེན་བཏང་སྟབས་རིག་གཞུང་དར་རྒྱས་ཤུགས་ཆེན་ཕྱིན། གཉིས་པ་དེ་ཡང་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་གི་བརྗོད་བྱའི་ནང་དོན་གཙོ་བོ་ནི་འཇིག་རྟེན་མི་ཆོས་ཀྱི་སྐོར་ཡིན།   དུས་སྐབས་འདིའི་ཁོངས་སུ་གཏོགས་པའི་བརྩམས་ཆོས་ཏེ།  ད་ལྟ་ངེད་ཚོས་སྦྱང་བཞིན་པའི་འགྱུར་རྩོམ་དང་།   རྡོ་རིང་ངོས་ཀྱི་ཡི་གེ་དང་། བྲག་བརྐོས་ཡི་གེ  དྲིལ་བུའི་ཁ་བྱང་དང་། མགུར་གླུ  རྟོགས་བརྗོད་སོགས་མང་དག་བྱུང་།   དེ་དག་ལས་ཕོན་ཆེ་བ་ནི་འགྱུར་རྩོམ་རེད་འདུག  རྗོད་བྱེད་ཚིག་གི་སྒོ་ནས་མགུར་དང་རྡོ་རིང་སོགས་ཡིན་པ་དེ་དག་གི་ཁྱད་ཆོས་ནི་ཚིག་འབྲུ་ཉུང་ཤིང་བརྡ་རྙིང་མང་བས་ནང་དོན་གཏིང་ཟབ་པ།   ཡི་གེ་བྱུང་བ་ནས་བཟུང་ངག་ཐོག་རྩོམ་རིག་ལ་གསར་བརྗེ་བྱུང་ནས་ཡིག་ཐོག་རྩོམ་རིག་ཇེ་མང་ནས་ཇེ་མང་དུ་ཕྱིན།

         བཀའ་གདམས་རྩོམ་རིག

         དེ་ཡང་བཀའ་གདམས་རྩོམ་རིག་གི་དུས་མཚམས་ནི་ལོ་ཙཱ་བ་རིན་ཆེན་བཟང་པོ་(༩༥༨-༡༠༥༥)ནས་བཟུང་ས་པན་ཀུན་དགའ་རྒྱན་མཚན་(༡༡༨༢-༡༢༥༡)བར་ཡིན།   གཅིག་དུས་སྐབས་འདི་ནི་བོད་རྒྱལ་དར་མ་འུ་དུམ་བཙན་གྱིས་སངས་རྒྱས་བསྟན་པ་བསྣུབས་རྗེས་ལོ་ངོ་བརྒྱ་ལྷག་གི་ནང་དུ་བོད་ཁམས་འདི་རྒྱལ་ཕྲན་གསུམ་བརྒྱ་དྲུག་བཅུ་ལྷག་ཏུ་ཐོར་རྗེས་མི་ཆེན་གྱི་འབངས་ལ་བརྙས་བཅོས་དང་མཐོ་སར་སྤྲེལ་ལད་དམའ་སར་སྡུག་སྡངས་བྱེད་པའི་དུས་ངན་ཡིན།  མུན་ནག་ལས་སེལ་མཁན་གྱི་བླ་དཔོན་མེད་ལ་མི་དམངས་ཀྱི་ཆེད་དུ་ཐོན་མཁན་དཔའ་བོ་ནི་ག་ནས་ཡོད།   དེར་བརྟེན་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཀྱིས་སྔ་རྗེས་སུ་རྒྱ་ངརྩོན་འགྲུས་སེང་གེ་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྒྱ་གར་དུ་མངགས་ནས་ཇོ་བོ་རྗེ་བོད་དུ་གདན་དྲངས་ནས་ལྟ་བ་ལོག་པའི་ཚོགས་རྣམ་བཏུལ་ཞིང་བྱང་ཆུབ་ལམ་སྒྲོན་བརྩམས་པ་ནས་བཀའ་གདམས་རྩོམ་རིག་དར་འགོ་ཚུགས།  དེ་ཡང་བཀའ་གདམས་རྩོམ་རིག་དར་བའི་དགོས་པ་ནི་ནང་བསྟན་རྒྱ་ཁྱབ་ཏུ་སྤེལ་ཕྱིར་དང་ཁྱད་པར་ནང་འཁྲུག་ཞོད་འཇགས་སུ་གཏོང་བའི་དགོས་མཁོར་དམིགས་པས་ཡིན།  བཀའ་གདམས་རྩོམ་རིག་གི་བརྗོད་བྱའི་ནང་དོན་ནི་བཙན་པོའི་དུས་སྐབས་དང་མི་འདྲ་བར་གཙོ་བོ་དམ་པའི་ལྷ་ཆོས་སྐོར་བརྗོད་པ་རྒྱ་ཆེ་བ་ཡིན།  བརྩམས་ཆོས་དེ་དག་གི་ཁོངས་སུ་སྐྱེས་རབས་རྩོམ་རིག་དང་།  སྤྲིངས་ཡིག འབྲོམ་སྟོན་པའི་བསྟོད་རྩོམ་པོ་ཏོ་བ་རིན་ཆེན་གསལ་གྱི་དཔེ་ཆོས།   གཞན་རྗེ་བཙུན་མི་ལ་རས་པའི་བསྟོད་རྩོམ་ད་དུང་བཀའ་གདམས་དགེ་བཤེས་ཚོའི་བརྩམས་ཆོས་བཅས་ཧ་ཅང་གི་མང་བ་ཞིག་དར།   རྗོད་བྱེད་ཚིག་ངོས་ནས་བརྗོད་ན་མགུར་གླུ  སྐྱེས་རབས་བསྟོད་སྨོན་གྱི་རྩོམ་མང་དག་དར།  དེ་དག་གི་ཁྱད་ཆོས་གཙོ་བོ་ནི་རྒྱུད་འཛིནདང་གསར་གཏོད།  དཔེ་ཡི་དངོས་པོའི་སྣང་བརྙན་ལེགས་པར་བསྐྲུན་པ།  རྩོམ་གཤིས་འཇམ་ཞིང་འུད་ལབ་ཉུང་བ། དེར་བརྟེན་བཀའ་གདམས་རྩོན་རིག་གི་ཕྱིས་ཀྱི་རྩོམ་རིག་བྱུང་བ་ལ་ལམ་སྟོན་པ་དང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཧྲིལ་པོར་མཚོན་ན་བཀའ་གདམས་རྩོམ་རིག་དེ་ཆུ་ཚད་མཐོན་པོར་སླེབས་པ་ཤེས་ཐུབ།

         བླ་མའི་དུས་སྐབས་ཀྱི་རྩོམ་རིག

         བོད་ཀྱི་བླ་མའི་དུས་སྐབས་ཀྱི་རྩོམ་རིག་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་(༡༢༣༥-༡༢༨༠)ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་(༡༨༧༦-༡༩༣༣)བར་བྱུང་བའི་རྩོམ་རིག་དག་ལ་མཚོན།  དེ་ལྟར་ཕྱོགས་གཅིག་ཏུ་བོད་ཀྱི་བླ་མའི་དུས་སྐབས་ཀྱི་རྩོམ་རིག་ཞེས་འཇོག་དགོས་དོན་ནི་གཅིག་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སྐབས་ནས་བཟུང་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་གསར་པ་ཞིག་བྱུང་བ་དང་ཤོང་སྟོན་ལོ་ཙྭ་བས་སྙན་གཞུང་བོད་ཡིག་ཏུ་བསྒྱུར་ནས་རྩོམ་རིག་ཧྲིལ་པོར་མེ་ལོང་མའི་ཤུགས་རྐྱེན་འཐེབས།  གཉིས་བརྗོད་བྱའི་ནང་དོན་ངོས་ནས་གཙོ་བོ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཟུང་དུ་འབྲེལ་ནས་སེར་སྐྱ་ཡོངས་ལ་ལུགས་གཉིས་ཀྱི་སྟེང་ནས་བསླབ་བྱ་དང་སློབ་གསོ་བྱེད་པ་དང་རྗོད་བྱེད་ཚིག་གི་ངོས་ནས་བཤད་ན་མང་ཆེ་བ་སྐྱེ་བོ་དམ་པའི་རྣམ་ཐར་དང་བསླབ་བྱ་ལུགས་ཀྱི་བསྟན་བཅོས་སོགས་ཧ་ཅང་གི་མང་བ་དར་འདུག དཔེར་ན་སྙན་གཞུང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་།   ཀླུ་ཀུན་དུ་དགའ་བའི་ཟློས་གར།   བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད།  དགེ་ལྡན་ལེགས་བཤད།   བརྟེན་འབྲེལ་བསྟོད་པ།   རྗེ་རིན་པོ་ཆེའི་བསྟོད་པ་ཤར་གངས་རི་མ།   བུ་སྟོན་ཆོས་འབྱུང་།   རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད།  ལྷ་མོའི་འཁྲབ་གཞུང་བརྒྱད་ལ་སོགས་བརྩམས་ཆོས་ཧ་ཅང་གི་མང་།  དེ་དག་གི་རྩོམ་པ་པོ་ནི་མང་ཆེ་བ་སེར་མོ་བ་རེད་འདུག   དེ་དག་གི་ཁྱད་ཆོས་གཙོ་བོ་ནི་ཚིག་གི་སྦྱོར་བ་སྙན་ཞིང་སོ་སྐྱེས་མཐོ་དམན་སུས་ཀྱང་གོ་བདེ་བ།  གོ་བསྐོན་བློ་འགུག་གི་སན་ལོབ་གསོའི་ནུས་པ་ཐོན་པ།  མདོར་ན་བླ་མའི་དུས་སྐབས་ཀྱི་རྩོམ་རིག་གི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་གོ་ས་ངེས་ཅན་ཞིག་བཟུང་ཡོད་པར་འདོད།

         དེང་རབས་རྩོམ་རིག

         དེང་རབས་རྩོམ་རིག་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་ད་ལྟའི་བར་དུ་བྱུང་བའི་རྩོམ་རིག་ལ་ཟེར།   ངོས་འཛིན་དེ་ལྟར་བྱེད་དོན་ནི་གཅིག་༡༩༥༩ལ་ཆ་བཞག་ན་རང་རྒྱལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་དབུ་བརྙེས་པ་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་བསམ་བློའི་འདུ་ཤེས།  དཔལ་འབྱོར་ཆ་རྐྱེན།  རིག་གནས་ཀྱི་ཆུ་ཚད་སོགས་ལ་སྔ་ན་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཆབས་ཅིག་རྩོམ་རིག་སྒྱུ་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་བྱེས་ཕྱོགས་གཏན་ལ་ཕབ་པ།  གཉིས་བརྗོད་བྱའི་ནང་དོན་ནི་དངོས་ཡོད་སྤྱི་ཚོགས་སྟེང་བྱུང་བའི་བྱ་དངོས་གསར་པ་དང་འཚོ་བ་གསར་པ།  མི་སྣ་ངོ་མ།  སྤྱི་ཚོགས་གསར་རྙིང་གཤིབ་སྡུར་བྱེད་པ་སོགས་ཡིན་པ།  དེ་དག་གི་ཁྱད་ཆོས་ནི་ཚིག་གི་སྡེབ་སྦྱོར་ཚགས་ཞིབ་ཅིང་གཟབ་ནན་ཡིན་ལ་ཉམས་འགྱུར་ལྡན་པ་དངོས་བསྟན་གྱི་དོན་གསལ་ཞིང་ཤུགས་མཚོན་གྱི་དོན་ཟབ་ཅིང་རྒྱ་ཆེ་བ་ཡིན།  དེ་ལས་བརྩམས་ཆོས་སུ་དཔེར་ན་རྗེ་བཙུན་ཤེས་རབ་རྒྱ་མཚོའི་བརྩམས་ཆོས་དང་།   དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ།  རྐང་ལམ་ཕྲ་མོ།  ཤ་དང་རུས་པའི་བརྩེ་དུང་།  བཀྲ་ཤིས་དཔལ་ལྡན་གྱི་རི་མགོ་མཐོན་པོའི་ཉི་མ།  དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལགས་ཀྱི་སྙག་ངག་གི་འཇུག་ཚུལ་སྟོན་པ་ཚིག་རྒྱན་རིག་པའི་སྒོ་འབྱེད་སོགས་ཧ་ཅང་གི་མང་།  དེར་བརྟེན་རྩོམ་ཡིག་གི་ནང་དོན་མཚོན་ཐབས་ཀྱང་ཧ་ཅང་གི་མང་པོ་ཆགས།   རྩོམ་རིག་གི་མཚོན་དོན་བསམ་བློ་ནི་ཚེ་ཕྱི་མའི་བདེ་བ་སྙེག་པ་ནས་ཚེ་འདིའི་བདེ་བ་འཚོལ་བར་གྱུར་ལ།  རྩོམ་རིག་གི་སྐད་ཆའང་རྟོགས་དཀའ་བའི་ཡིག་སྐད་ནས་གོ་སླ་བའི་མང་ཚོགས་ཀྱི་སྐད་ཆ་དང་ཉེ་བར་འཕེལ་སྒོ་བརྩམས་པས།   བོད་ཀྱི་རྩོམ་རིག་སྤྱི་ཚོགས་ཅན་དང་མང་ཚོགས་ཅན་དུ་འཕེལ་བར་སྣེ་ཁྲིད་ཀྱི་ནུས་པ་རྒྱ་ཆེན་པོ་ཐོན་ལ།   བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་རྩོམ་རིག་སྔོན་ཐོན་ཅན་དུ་འཕེལ་བའི་བསྐྱོགས་མཚམས་ཆེན་པོ་ཞིག་ཀྱང་རེད། 

         མཇུག་བསྡུ་བའི་གཏམ།

         བོད་ཀྱི་རྩོམ་རིག་ལོ་རྒྱུས་བྱུང་ནས་མི་ལོ་༣༠ལྷག་ནང་དུ་མཁས་པའི་དབང་པོའི་སྐུ་དྲིན་གྱིས་དེབ་གྲངས་མང་དག་ཞིག་གསར་སྒྲིག་བྱས།   རྩོམ་རིག་ལོ་རྒྱུས་བྱུང་རིམ་གྱི་དཔེ་ཆ་ཁག་ཅིག་བལྟས་པ་བརྒྱུད།  རྩོམ་རིག་བྱུང་བའི་ལོ་རྒྱུས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ།  གཞན་བརྗོད་བྱ་རྗོད་བྱེད་ཀྱི་སྒོ་ནས་གནའ་བོའི་རྩོམ་རིག་དང་བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག བཀའ་གདམས་རྩོམ་རིག བླ་མའི་དུས་སྐབས་ཀྱི་རྩོམ་རིག དེང་རབས་རྩོམ་རིག་བཅས་ཁག་ལྔ་རུ་དབྱེ་ཡོད།  བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་དུས་རིམ་དགར་ཚུལ་མི་གཅིག་མང་བས་ཕྱིས་སུ་མི་ཚང་མས་རང་ཉིད་ལྟ་བ་དྲངས་ནས་ལེགས་ཆ་བརྒྱུད་འཛིན་ཞན་ཆ་དོར་སྤངས་བྱས་ནས་རྩོམ་རིག་ལོ་རྒྱུས་འདིའི་སྟེང་ནུས་པ་ཅུང་ཟད་འདོན་ཐུབ་ན་ཡག་ཐོག་ཡག་བརྩེགས་ཡོང་བར་སེམས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1