༄༅།།རྭ་རྩེ་བཤད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 08-21


ང་ཚོ་ལ་སྔོན་མ་ནས་ཐ་མག་འཐེན་པའི་གོམས་གཤིས་དང་ཡང་ན་ཐ་མག་འཐེན་པའི་སྲོལ་ཡོད། དེ་བས་འདིར་བོད་ཀྱི་ཐ་མག་འཐེན་སྤྱད་ཀྱི་རྭ་ཙེ་ངོ་སྤྲོད་ཕྲན་ཙམ་བྱས་ཡོད་དོ། །

ཐ་མག་ནི་བདེ་ཐང་ལ་གནོད་ཅིང་རྒྱུ་ནོར་ཆུད་ཟོས་སུ་གཏོང་བའི་ལོངས་སྤྱོད་ཐ་ཤལ་བ་ཞིག་ཡིན་ཀྱང་། ང་ཚོ་ལ་སྔོན་མ་ནས་ཐ་མག་འཐེན་པའི་གོམས་གཤིས་དང་ཡང་ན་ཐ་མག་འཐེན་པའི་སྲོལ་ཡོད། དེ་བས་བོད་ཀྱི་ཐ་མག་འཐེན་སྤྱད་ཀྱི་རྭ་ཙེ་ངོ་སྤྲོད་ཅིག་བྱེད། དེང་སང་ང་ཚོས་སྟབས་བདེ་མོའི་ངང་ནས་ཤོག་ཐ་འཐེན་ཆོག་པ་རེད། འོན་ཀྱང་དུས་རབས་དང་ལོ་རབས་སྔོན་མའི་ནང་གི་མི་དག་གིས་ཐ་མག་ཅི་ལྟར་འཐེན་པ་རེད་ཅེ་ན། རྭ་ཙེ་ཞེས་དངོས་པོ་ཞིག་གིས་རྡོ་ཐ་ཞིབ་བུར་གསེས་པ་དེ་འཐེན་པ་རེད། རྭ་ཙེའི་བྱུང་བ་ཤེས་པར་བྱ་བ་ནི་དཔྱོད་ལྡན་དག་གིས་བློ་རྣོན་པོའི་རྩལ་གྱིས་བརྟག་པར་བྱ་དགོས་པ་ཞིག་ཡིན་པ་རེད། སྤྱིར་བཏང་གི་རྭ་ཙེའི་གྲུབ་སྟངས་ནི་འདི་ལྟར་ཏེ། དུད་ཁུག་ཅེས་རྡོ་ཐ་བླུགས་སྣོད་ཀྱི་ཀོ་བ་ཞིག་དང་། དུད་རྭ་ཞེས་ཤིང་དང་རུས་པ་དངུལ་དང་ལྕགས་སོགས་ཀྱིས་བཟོས་ཤིང་མཐའ་རྒྱན་བཏབ་པ། དེ་ལས་དུད་རྭ་བཟོ་བྱེད་ཀྱི་རྒྱུ་ལེགས་ཤོས་ནི་གཙོད་རྭ་དང་། བྱ་རྒོད་ཀྱི་དང་རུས་དང་དངུལ་སོགས་ཡིན་ལ། དེ་དག་གིས་ཐ་མག་གི་དྲི་དང་མྱོང་བ་སྔར་ལས་ལྷག་པར་བསྐྱེད་ཐུབ་པ་ཡིན།

དེ་ཡང་དུད་རྭའི་སྣེར་འགབ་མར་དུད་ཚགས་ཞེས་རྡོ་ཐ་བླུགས་སྣོད་ཅིག་ཡོད་ལ། སྣེ་གོང་མར་སོ་འཛིན་ཞེས་ཐ་མག་འཐེན་བྱེད་ཅིག་ཡོད་པ་སོ་སོས་གོང་གསལ་ལྟར་དངུལ་སོགས་ཀྱིས་ཤན་པར་བྱེད་པ་ཡིན། སྤྱིར་ན་རྭ་ཙེ་ལྟ་བུ་ནི་ཆེས་སྤྱིར་བཏང་གི་ཐ་མག་འཐེན་བྱེད་ཅིག་ཡིན་མོད། འོན་ཀྱང་དེའི་བཟོ་རྩལ་དང་སྤྱོད་རིན་གྱི་ཐད་ནས་སྐབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་བ་ཙམ་མ་ཟད། དེའི་གྲུབ་བྱེད་རྒྱུ་ཆ་སོགས་ཀྱི་སྦྱོར་བ་ཡང་ཚན་རིག་དང་བསྟུན་ཏེ་ཁ་ལ་ཞིམ་ཞིང་། ཁོག་ལ་བདེ་བའི་ཚད་གནད་དུ་བཟུང་ནས་སྒྲིག་སྦྱོར་བྱས་འདུག་པ་རེད། ར་ཙེ་ཞེས་པ་ནི་ཨ་མདོའམ་ཡང་ན་རྔ་བའི་ས་ཁུལ་ནས་འབོད་སྟངས་ཞིག་ཡིན་པ་ལས། བོད་ཀྱི་ཚིག་མཛོད་སོགས་ན་གོང་ནས་ངོ་སྤྲོད་བྱས་ཟིན་པའི་མིང་ཕལ་ཆེར་མེད་པར་སྣང་། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ནི་འདི་དག་ཀྱང་ང་ཚོའི་རིག་གནས་རྒྱུ་ནོར་ཞིག་ཡིན་པ་བརྗེད་མི་རུང་བ་དེ་ཡིན། གཞན་དེང་སང་མི་མང་པོས་བདེ་ཐང་གི་ཆེད་དུ་ཐ་མག་སྤངས་བཞིན་པའི་སྐབས་སུ། གྲོགས་པོ་རྣམས་ལ་ཐ་མག་སྤངས་རོགས་ཞེས་སྐུལ་མ་ཞིག་ཀྱང་བྱེད་དགོས་བྱུང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1