ཞི་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-21


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་20ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་སྐབས་33པའི་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།

མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཡོད། ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་20ཙམ་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འཐུས་མི་ཚོགས་པའི་ཁོངས་མིའི་ཁྲོད་དུ་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཤིང་། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད་དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས། ལྷན་རྒྱས་དང་ཐུག་འཕྲད་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག ཁྱེད་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་འགན་འཁྲི་ལེགས་པར་འཁུར་བ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱིས་ཕྱི་རྒྱལ་དུ་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཁག་ནང་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བླངས་པ་དང་། འགྲན་བསྡུར་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད། ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚང་མ་རྒྱལ་ཁའི་ངང་ཕྱིར་ལོག་པར་དགའ་བསུ་ཞུ་རྒྱུ་དང་། ཚང་མར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་ཀྱི་ལུས་རྩལ་འཐབ་ཕྱོགས་ཁག་གི་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཕུལ་བྱུང་གྲུབ་འབྲས་ནི་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཡར་ཐོན་གྱི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཀྱང་ཡིན་ཞིང་། དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་གང་ལེགས་མངོན་ཡོད། རྒྱལ་ཁབ་ཀྱི་ལས་དབང་ཡག་ཚེ་ལུས་རྩལ་དར་རྒྱས་ཡོང་བ་དང་། རྒྱལ་ཁབ་སྟོབས་ཆེ་ཚེ་ལུས་རྩལ་སྟོབས་ཆེ་ཡོང་ཐུབ། རང་རྒྱལ་འདི་ཉིད་འཛམ་གླིང་གི་ལུས་རྩལ་རྒྱལ་ཁབ་ཆེན་པོ་དང་ཨོ་རྩལ་འགྲན་ཚོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཐུབ་པའི་རྩ་བ་ནི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དེ་ཡིན་ཞིང་། དེས་ལུས་རྩལ་རྩལ་འགྲན་སྦྱོང་བརྡར་ལ་སྔོན་ཐོན་ཚན་རྩལ་གྱི་འདེགས་སྐྱོར་དང་དངོས་པོའི་འགན་སྲུང་བརྟན་པོ་འདོན་སྤྲོད་ཐུབ་ཡོད་ལ། ཁྱབ་ཁོངས་ཁག་གི་ལུས་རྩལ་ཤེས་ལྡན་མི་སྣ་ཀུན་ལས་ཁྱད་དུ་འཕགས་པ་ཡོང་རྒྱུར་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་དང་རྒྱ་ཁྱབ་ཀྱི་མང་ཚོགས་རྨང་གཞི་ཡང་བཏོད་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཚེ། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཆ་རྐྱེན་དེ་བས་ལེགས་པ་མཁོ་འདོན་ཐུབ་ངེས་ཡིན་པ་དང་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་རེད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་བྱ་གཞག་མུ་མཐུད་འཕེལ་རྒྱས་ཤུགས་ཆེན་བཏང་ཐོག དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཕུལ་བྱུང་གྲུབ་འབྲས་ལས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་སྙིང་སྟོབས་དར་རྒྱས་གོང་འཕེལ་གཏོང་ཐུབ་རྒྱུ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཕན་ཚུན་གཅིག་འོད་གཅིག་འཕྲོ་ཐུབ་རྒྱུ་མ་ཟད། དུས་རབས་གསར་པའི་ཀྲུང་གོའི་སྙིང་སྟོབས་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད། འགྲན་རའི་ཐོག ཚང་མས་ཏང་དང་མི་དམངས་ཀྱི་མངག་བཅོལ་བློ་ལ་བརྟན་པོར་ངེས་ནས། “རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ནམ་ཡང་མི་སྒེར་ལས་ལྷག་པ”དང“ངའི་གསེར་གྱི་རྟགས་མ་དེ་རླབས་ཆེན་མེས་རྒྱལ་ལ་འབུལ་རྒྱུ”སོགས་ཀྱི་དམ་བཅའ་བཞག་ཡོད་པས། མེས་རྒྱལ་གོང་དུ་བཀུར་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་པའི་ལྷད་མེད་ཀྱི་བརྩེ་སེམས་དང་། དཔའ་ངར་ཞུམ་མེད་དང་འབད་བརྩོན་ལྷོད་མེད་ཀྱིས་ངེས་པར་དུ་རྒྱལ་ཁ་ཐོབ་པ་བྱེད་པའི་དད་སེམས། མཐུན་སྒྲིལ་རོགས་ལས་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་པའི་རྩ་ཆེའི་གཤིས་རྒྱུད་བཅས་མངོན་ཡོད་ལ། ཀྲུང་གོའི་གཞོན་ནུའི་མི་རབས་ཀྱི་བློ་སྤོབས་དང་། བག་ཡངས། སེམས་རྩ་འཁོལ་བ། མཛའ་གྲོགས་ལྡན་པ་བཅས་ཀྱི་ཉམས་འགྱུར་ཡང་མངོན་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཁྱེད་ཚོས་འཛམ་གླིང་ཡོངས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཏིང་ཟབ་པའི་གསོག་འཇོག་དང་། ཀྲུང་གོའི་སྒོ་དབྱེ་ཁོང་ཡངས་དང་ཡར་རྒྱས་བརྩོན་ལེན་གྱི་དུས་རབས་ཀྱི་ཉམས་འགྱུར་མཐོང་བར་བྱས་ཡོད་ལ། ཀྲུང་གོའི་མི་དམངས་ཀྱི་བློ་སྟོབས་དང་། ངར་ཤུགས། གདིང་ཤུགས་བཅས་ཀྱང་མཐོང་བར་བྱས་ཡོད། ཁྱེད་ཚོ་ཡོད་པས། མེས་རྒྱལ་དང་མི་དམངས་སྤོབས་པས་ཁེངས་ཤིང་། ཁྱེད་ཚོར་བསྟོད་བསྔགས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་། ཉམས་འགྱུར་གྱི་གསེར་གྱི་རྟགས་མ། ལྷད་མེད་ཀྱི་གསེར་གྱི་རྟགས་མ་བཅས་ལེན་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་དང་། ལུས་རྩལ་གྱི་ཀུན་སྤྱོད་དར་སྤེལ་བཏང་བས། བརྩི་འཇོག་དང་ཁས་ལེན་རྒྱ་ཁྱབ་ངང་ཐོབ་ཡོད་ཅིང་། དུས་རབས་གསར་པའི་ཀྲུང་གོའི་གཟུགས་བརྙན་གང་ལེགས་མངོན་ཡོད། འགྲན་རའི་ཐོག ཚང་མས་སྒྲིག་སྲོལ་ལ་བརྩི་སྲུང་དང་། འགྲན་ཡར་བརྩི་འཇོག ཤན་འབྱེད་པར་བརྩི་འཇོག ལྟད་མོ་བར་བརྩི་འཇོག་བཅས་བྱས་པ་དང་། འགྲན་བསྡུར་གྱི་སྒྲིག་ལམ་དང་ཡ་རབས་གུས་ལུགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁ་ཐོབ་ན་ང་རྒྱལ་མི་བྱེད་པ་དང་ཕམ་ན་ཡིད་མི་ཆད་པར། རྩལ་འགྲན་དང་ཀུན་སྤྱོད། ཉམས་འགྱུར་བཅས་ཚང་མའི་གསེར་གྱི་རྟགས་མ་བླངས་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་དུས་འཁོར་གསར་པ་འགོ་ཚུགས་ཟིན། ཚང་མས་ང་རྒྱལ་དང་འཚབ་འཚུབ་མེད་པར་ཡང་འབད་བསྐྱར་འབད་ངང་སྦྱོང་བརྡར་དང་འགྲན་བསྡུར་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། དགེ་སྤེལ་སྐྱོན་སྤོང་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་མགྱོགས་པོ་བྱེད་པ། སྤུས་ཚད་མཐོ་པོའི་སྒོ་ནས་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ་ནི་གཅིག་རམ་གཅིག་འདེགས་ཡིན་པས། ཚང་མས་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ཐོག དམངས་ཡོངས་ཀྱི་ལུས་སྦྱོང་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་ལྟར་སྤེལ་རྒྱུར་སྐུལ་ཁྲིད་བྱས་ཏེ། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་དང་། ལིའུ་གོ་ཀྲུང་། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཁྲེན་ཝུའུ་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ལུས་རྩལ་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་མཇལ་འཕྲད་བྱེད་སྒོར་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1