མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྐྲ་མཚོན་བྱུག་རྫས་ལ་ཆེད་དོན་ཞིབ་བཤེར་བྱས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-22


སྐྲ་མཚོན་བྱུག་རྫས་ཀྱི་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྐྲ་མཚོན་བྱུག་རྫས་ཐད་གནས་པའི་གནད་དོན་གཅིག་བསྡུས་སྒོས་རིམ་བཤེར་བཅོས་སྒྲིག་བྱེད་པ། ཚོང་གཉེར་ཁང་གི་མཛེས་འཆོས་བྱུག་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བཅས་ལ་སྐུལ་འདེད་བྱ་ཆེད། ཉེ་དུས་མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྐྲ་མཚོན་བྱུག་རྫས་ཀྱི་ཆེད་དོན་ཞིབ་བཤེར་ལས་སྒོ་སྤེལ། 

ཐེངས་འདིའི་ཆེད་དོན་ལས་སྒོར་ཐོ་འགོད་བྱས་མེད་པའི་སྐྲ་མཚོན་བྱུག་རྫས་བཀོལ་བ་དང་། རྒྱལ་ཁབ་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཚད་གཞི་དང་མི་མཐུན་པ། མཛེས་འཆོས་བྱུག་རྫས་ཀྱི་བདེ་འཇགས་ལག་རྩལ་བླང་བྱ་དང་མི་མཐུན་པ། ཐོན་རྫས་གཅིག་ཕྱོགས་གང་ཐད་དུ་སྤྱོད་པའི་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་སྐྲ་མཚོན་བྱུག་རྫས་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས། ཚོང་གཉེར་ཁག་གིས་ཁྲིམས་ལྟར་ལས་གཉེར་ལག་ཁྱེར་དང་མཛེས་འཆོས་བྱུག་རྫས་གཉེར་སྐྱོང་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་བླངས་མིན་ལ་ལྟ་ཞིབ་བྱས། སྐྲ་མཚོན་བྱུག་རྫས་ཀྱི་ཚོང་ཟོག་ནང་འདྲེན་ཐབས་ལམ་ཁྲིམས་མཐུན་ཚད་ལྡན་ཡིན་མིན་དང་། ཚོང་ཟོག་ནང་འདྲེན་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་མིན། ཚོང་ཟོག་མཁོ་འདོན་བྱེད་མཁན་གྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དཔང་ཡིག་དང་། མཛེས་འཆོས་བྱུག་རྫས་ཐོ་འགོད་གནས་ཚུལ། ཐོན་རྫས་བཟོ་གྲྭ་ནས་ཐོན་པའི་ཞིབ་བཤེར་ཚད་ལོན་དཔང་ཡིག་སོགས་ལ་ཞིབ་བཤེར་བྱས། ཐོན་རྫས་ཀྱི་ཤོག་བྱང་གི་མཚོན་རྟགས་གཏན་འབེབས་དང་མཐུན་མིན་དང་། དྲིལ་བསྒྲགས་རྫུན་མ་དང་ཕན་ནུས་སྒྲོ་འདོགས་སོགས་ཀྱི་བྱ་སྤྱོད་ཡོད་མེད་ལ་ཞིབ་བཤེར་བྱས། ཚོང་གཉེར་ཁང་དུ་དུས་ལས་ཡོལ་བ་དང་ངོ་བོ་འགྱུར་བའི་སྐྲ་མཚོན་བྱུག་རྫས་ཡོད་མེད་ལ་ལྟ་ཞིབ་བྱས། 

ཐེངས་འདིའི་ཆེད་དོན་ཞིབ་བཤེར་ཁྲོད་ཁྲིམས་འཛིན་པ་16གིས་ཚོང་ཁང་དང་སྐྲ་མཛེས་ཚོང་ཁང་། མཛེས་འཆོས་བྱུག་རྫས་ཆེད་ཚོང་ཁང་23ལ་ཞིབ་བཤེར་བྱས་པར། གཉེར་སྐྱོང་ཚོང་ཁང་ཁག་གཅིག་ལ་ཚོང་ཟོག་ནང་འདྲེན་གྱི་ཞིབ་ཐོ་ཆ་མི་ཚང་བ་དང་། ཐོན་རྫས་ཀྱི་ཤོག་བྱང་དང་མཚོན་རྟགས་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་། ཁྲིམས་འཛིན་མི་སྣས་འཕྲལ་མར་འབྲེལ་ཡོད་སྡེ་ཁག་ལ་དུས་བཅད་ལྟར་དག་ཐེར་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན། འགན་འཁུར་པར་མཛེས་འཆོས་བྱུག་རྫས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོ་བྱས་ནས། ཚོང་གཉེར་ཁང་གི་བཅའ་ཁྲིམས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1