2015ལོའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་དུས་ཆེན་སྐབས་ཉེར་དགུ་པ་བསྡུས།
རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས།
སྤྱི་ཟླ་6པའི་ཚེས་13ཉིན་གྱི་སྔ་དྲོའི་དུས་ཚོད་10:00ཡི་སྟེང་། 2015ལོའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་དུས་ཆེན་སྐབས་ཉེར་དགུ་པ་དེ་ཟི་ལིང་ལྷོ་རིའི་སྤྱི་གླིང་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་སྟག་འབུམ་ཐར། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཟུར་པ་ཡུས་མགོན་པོ་སོགས་མཛད་སྒོའི་ཡུལ་དངོས་སུ་ཕེབས་ཏེ་དུས་ཆེན་གྱི་རྣམ་པར་རོལ།
སྲོལ་རྒྱུན་གྱི་དུས་ཆེན་འདི་ད་ལྟའི་བར་ཐེངས་ཉེར་དགུར་སྤེལ་ཞིང་། སྤྱི་ལོ་2004ལོ་ནས་བཟུང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་གཉེར་གནང་ཞིང་། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་འཆམ་མཐུན་བརྗོད་བྱར་བཟུང་སྟེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དྲིལ་སྒྲོག་བྱེད་པར་གར་སྟེགས་ཆེན་པོ་བསྐྲུན་པར་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་བཏོན་ཡོད། ནང་སྒོས་སུ་ཟི་ལིང་ས་ཁུལ་གྱི་བོད་རིགས་མང་ཚོགས་ཀྱི་རིག་གནས་ཁོར་ཡུག་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མི་དམངས་ཀྱི་བསམ་པའི་དཔལ་ཡོན་དང་། རིག་གནས་དཔལ་ཡོན་གྱི་ཆུ་ཚད་འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱེད་བཞིན་ཡོད་ལ། མ་འོངས་བར་འདི་ལས་ལྷག་པའི་རིག་གནས་དྲིལ་སྒྲོག་གི་སྡིངས་ཆ་ཆེན་པོ་ཞིག་ཏུ་བསྒྱུར་རྒྱུར་བརྩོན་བཞིན་མཆིས།།