ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་དཔར་འགྲེམ་བྱས།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-28


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས།

《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་གསོ་པའི་སྙིང་སྟོབས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། དགེ་རྒན་གྱི་བསམ་བློ་དང་སྤྱོད་ཚུལ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། དགེ་རྒན་གྱི་དཔུང་ཁག་བཅོས་སྒྱུར་གསར་སྐྲུན་ནན་མོ་བྱེད་དགོས་པ་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ཁྲོད་ཀྱི་མི་འདང་ས་མགྱོགས་མྱུར་སྒོས་ཁ་གསབ་བྱས་ཏེ། བྱང་ཚད་མཐོ་བའི་དགེ་རྒན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། བསམ་བློའི་བྱང་ཚད་མཐོ་བ་དང་ལས་སྒོ་རྩེར་སོན་ཡིན་པ། གྲུབ་ཚུལ་འོས་མཐུན་ཡིན་པ། གསོན་ཤུགས་ཀྱིས་ཁེངས་པའི་བྱང་ཚད་མཐོ་བའི་ཆེད་ལས་ཀྱི་དགེ་རྒན་དཔུང་ཁག་ལེགས་སྐྲུན་བྱས་ནས། སློབ་གསོ་དེང་རབས་ཅན་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ། མི་དམངས་ཀྱིས་ཡིད་ཚིམ་པའི་སློབ་གསོ་འདོན་སྤྲོད་བྱེད་པར་སྲ་ཞིང་བརྟན་པོའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

《བསམ་འཆར》ནང་ནན་གྱིས་བསྟན་དོན། བྱ་བའི་ཁྲོད་སློབ་གསོ་པའི་སྙིང་སྟོབས་ཀྱིས་བློ་སྦྱོང་བྱས་ཏེ་དགེ་རྒན་གྱི་དཔུང་ཁག་སྟོབས་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། དགེ་རྒན་གྱི་ཚོགས་ཁག་ཐུན་མོང་གི་རིན་ཐང་ལྟ་བའི་འཚོལ་སྙེག་ལག་བསྟར་བྱེད་དགོས། སློབ་གསོ་པའི་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ལྡན་ཟབ་ཞུགས་དང་ལས་གཞིའི་ནུས་སྩོལ། ལས་སྟེགས་འདེགས་སྐྱོར་བཅས་ཀྱི་དགེ་རྒན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་དང་ལག་ལེན་རྒྱུན་འཁྱོངས་བྱས་ཏེ་སློབ་གསོ་པའི་སྙིང་སྟོབས་ལག་ལེན་བྱེད་པའི་གཡུལ་ས་གཙོ་བོ་བརྟན་པོར་འཛུགས་དགོས། སློབ་གསོ་པའི་སྙིང་སྟོབས་ཀྱིས་སྣེ་ཁྲིད་དང་སྐུལ་མ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་དགེ་རྒན་གྱིས་སློབ་གསོ་པའི་སྙིང་སྟོབས་དེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་བར་སྣེ་ཁྲིད་བྱ་དགོས།

《བསམ་འཆར》ནང་བསྟན་དོན། ལོ་གསུམ་ནས་ལོ་ལྔའི་རིང་འབད་བརྩོན་བྱས་པ་བརྒྱུད། སློབ་གསོ་པའི་སྙིང་སྟོབས་ནུས་ཤུགས་ཆེན་པོས་དར་སྤེལ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཕན་འབྲས་བཟང་པོ་ལེན་པ། དགེ་རྒན་གྱི་ཀུན་སྤྱོད་བློ་སྦྱོང་དང་ལས་བཀུར་སློབ་གཉེར། དཔེ་ཁྲིད་མི་སྐྱོང་གི་རྣམ་པ་བཟང་པོ་མངོན་པར་བྱེད་པ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་དོ་སྣང་བྱེད་པའི་རྣམ་པ་བཟང་པོ་ཆགསཔར་བྱེད་དགོས། 2035ལོར་སླེབས་དུས། སློབ་གསོ་པའི་སྙིང་སྟོབས་དེ་རྒྱ་ཆེའི་དགེ་རྒན་གྱི་རང་འགུལ་འཚོལ་སྙེག་ཏུ་འགྱུར་བར་བྱེད་པ་དང་། དགེ་རྒན་གྱི་དཔུང་ཁག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ། གཞི་གྲངས་ནུས་སྩོལ་གྱི་དགེ་རྒན་འཕེལ་རྒྱས་གཏོང་བ་རྒྱུན་རྣམ་ཅན་དུ་འགྱུར་བ། དགེ་རྒན་གྱི་གནས་བབ་སྲ་བརྟན་དང་མཐོ་རུ་གཏོང་བ། དགེ་རྒན་སྤྱི་ཚོགས་ཀྱི་བརྩི་འཇོག་དང་ཡིད་སྨོན་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བ་བཅས་བྱས་ནས། ཕུལ་བྱུང་ཤེས་ལྡན་མི་སྣས་གཅིག་རྗེས་གཉིས་མཐུད་ངང་སློབ་གསོ་གཉེར་བ་དང་ཕུལ་བྱུང་དགེ་རྒན་རྒྱུན་ཆད་མེད་པར་འབྱུང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

《བསམ་འཆར》ལས་དགེ་རྒན་དཔུང་ཁག་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་གསོ་སྐྱོང་བྱེད་པ། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ། དགེ་རྒན་གྱི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་པ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་གཏོང་བ་བཅས་ཀྱི་ཐད་བླང་བྱ་གསལ་བོ་བཏོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1