གླིང་གེ་སར་རྒྱལ་པོའི་སྒྲུང་གི་ལག་བྲིས་དཔར་མའི་དཔེ་ཚོགས་བཏོན་འདུག

གསར་འགོད་པ། མིག་དམར་རྒྱ་མཚོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-28


སྙན་པའི་གྲགས་པ་འཛམ་གླིང་ཁྱོན་དུ་ཁྱབ་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ཐོག་གི་སྒྲུང་རབས་རིང་ཤོས་དེ་ཡིན་པ་དང་། གླིང་གེ་སར་རྒྱལ་པོའི་སྒྲུང་ཞེས་པའི་གསོན་ཉམས་ལྡན་པའི་དཔའ་བོའི་སྒྲུང་རབས་འདི་རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཡུལ་མི་འདྲ་བར་བཀའ་སློབ་ཐེངས་མང་གནང་མྱོང་བ་མ་ཟད། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་མཐོང་ཆེན་བྱེད་དགོས་པ་དང་། ལྷག་པར་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་བྱས་ཏེ་རྒྱུན་འཛིན་པ་གསོ་སྐྱོང་ཡག་པོ་དང་མི་རབས་ནས་མི་རབས་བར་རྒྱུན་མཐུད་ཐུབ་པ་བྱེད་དགོས་ཞེས་གསུངས་གནང་ཡོད།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནི་བོད་ལྗོངས་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྐྲུན་ཁང་ཉག་ཅིག་ཡིན་པའི་ངོས་ནས། ལས་འགོ་བཙུགས་པའི་ཐོག་མའི་དུས་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་དོར་ཐབས་མེད་པའི་འགན་འཁྲིར་བརྩིས་ཤིང་། དཔེ་སྐྲུན་ཁང་བཙུགས་ནས་ད་བར་བགྲང་བྱ་ལྔ་བཅུ་ལྷག་སོང་རིང་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་སྨན་པའི་དཔེ་དེབ་རིགས་ཁྲི་ཕྲག་ལ་ཉེ་བ་དཔེ་སྐྲུན་བྱས་ཏེ་རྒྱ་ཆེའི་ཀློག་པ་པོར་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་མཁོ་འདོན་བྱས་ཡོད།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཁུར་བ་པ་སངས་དབང་ཆེན་གྱིས། དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུ་པ་ནས་བཟུང་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ལག་བྲིས་དཔར་མ་དེབ་གཟུགས་སུ་སྐྲུན་པའི་ལས་འགོ་བཙུགས་ཏེ་སྔ་ཕྱིར་པོད་གྲངས་སུམ་ཅུར་ཉེ་བ་དཔེ་སྐྲུན་བྱས་པས་སྤྱི་ཚོགས་ཐོག་གདེང་འཇོག་བཟང་པོ་ཐོབ་ཡོད། འོན་ཏེ་ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་དཔེ་རྒྱུན་དེ་དག་ཀློག་པ་པོའི་སྤྱན་ལམ་དུ་མཐོང་དཀོན་པར་གྱུར་སྟབས་སྤྱི་ཚོགས་ལས་རིགས་ཁག་གི་ཆེད་ལས་མཁས་པ་དང་ཀློག་པ་པོས་གླིང་གེ་སར་རྒྱལ་པོའི་སྒྲུང་དཔེ་དེ་དག་བསྐྱར་སྐྲུན་གྱི་རེ་སྨོན་ལྷག་ཏུ་ཆེ་བ་དང་། དེ་བཞིན་མི་རིགས་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་རྒྱུའི་སྐུལ་སློང་རྣམ་དག་ཅིག་ཁྱེར་ཏེ་ངེད་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཡི་གེའི་དཔེ་སྐྲུན་རོགས་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་པ་དང་། སྔར་གྱི་མཁས་དབང་དང་རྩོམ་སྒྲིག་པ་བྱས་པ་ཅན་ཚོའི་ཕྱག་རྗེས་ཀྱི་སྟེང་དེང་རབས་ཀྱི་སྔོན་ཐོན་ལག་རྩལ་དང་ཟུང་དུ་སྦྲེལ་ནས་ད་ཐེངས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ལག་བྲིས་དཔར་མའི་དཔེ་ཚོགས་བཏོན་པ་དང་། ད་ཐེངས་ཀྱི་དཔེ་ཚོགས་ཁྲོད་《འཁྲུངས་གླིང་》དང་།《རྟ་རྒྱུག་ནོར་བུ་ཆ་བདུན་》《ཧོར་གླིང་གཡུལ་འགྱེད་》 སོགས་ཁྱོན་དེབ་གྲངས་29ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1