ཞི་ཅིན་ཕིང་ནས་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུའི་གསོལ་སྟོན་བཤམས།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-06


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་སྤྱི་ཟླ་9ཚེས་4ཉིན་གྱི་དགོང་མོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་བཤམས་ནས། ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་ཨ་ཧྥེ་རི་ཁ་ཕྱོགས་དང་དེ་བཞིན་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གསོལ་སྟོན་ལ་ཞུགས་ཡོད་པ་རེད།

བརྗིད་ཉམས་ལྡན་པའི་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་ཀྲུང་གོའི་རྒྱལ་དར་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་དར། དེ་བཞིན་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དར་ཆ་བཅས་གཅིག་འོད་གཅིག་འཕྲོར་གནས་ཡོད།

གླེང་སྟེགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་51ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་དང་དེ་བཞིན་ཁོང་རྣམ་པའི་སྐུ་ཟླ། ཙུང་ཐུང་གི་འཐུས་མི་2 ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་སྐུ་མགྲོན་རྣམས་གཅིག་རྗེས་གཉིས་མཐུད་ངང་མི་དམངས་ཚོགས་ཁང་ཆེན་མོར་ཕེབས་ཡོད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་དང་། ཁོང་ཚོ་དང་ཕྱག་བཏང་ནས་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་ཁོང་ཚོ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད།

གྲུང་ཞིང་མཐོང་འདོད་པའི་ལོ་ཆུང་བྱིས་པ་ཚོས་སྙན་འཇེབས་ལྡན་པའི་གླུ་གཞས་བཏང་བ་དང་འཁྲུག་ཆ་དོད་པའི་ཨ་ཧྥེ་རི་ཁའི་རྔ་བརྡུངས་ཏེ། གླུ་ལེན་གར་འཁྲབ་ཀྱི་རྣམ་པའི་ཐོག་ནས་ཐག་རིང་ཡུལ་ནས་ཕེབས་པའི་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་ཡོད།

སྙན་འཇེབས་ལྡན་པའི་མགྲོན་བསུའི་དབྱངས་རྟའི་ཁྲོད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་སྐུ་མགྲོན་ཚོ་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་ཡོད།

ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ཨ་ཧྥེ་རི་ཁ་གླིང་གི་གྲོགས་པོ་དང་ཐུག་འཕྲད་བྱེད་ཐེངས་རེར་ང་ལ་སེམས་ཐག་ཉེ་བའི་ཚོར་སྣང་ཆེན་པོ་སྟེར་གྱི་འདུག་ལ། ལྷག་དོན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་རྨང་གཞི་བརྟན་པ་དང་། འགོ་འཛུགས་ས་མཐོ་བ། མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་བཅས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་འོད་སྟོང་འཕྲོ་བའི་མིག་དཔེ་བསྟན་པའི་མྱོང་ཚོར་ཟབ་མོ་ཡོང་གི་འདུག ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་ནི་རྨང་གཞི་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་བརྟེན་པ་དང་མཉམ་ལས་གཉིས་ཕན་གྱི་ཐོག་ནས་མངོན་ཞིང་། དུས་སྐབས་དང་མཉམ་སྐྱོད་བྱས་པ་ལས་སྟོབས་ཆེར་ཕྱིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་མི་སེར་སྤེལ་བར་ངོ་རྒོལ། བཙན་དབང་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་རྩོད་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་པ་དང་། གོང་འཕེལ་དར་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་ཁ་ཕྱོགས་གཅིག་ཏུ་བསྐྱོད་པ། ཏོག་གསར་རིམས་ནད་འགོག་བཅོས་བྱེད་པའི་ཁྲོད་སོ་སྲུང་རོགས་རེས་བྱས་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་སྟོབས་ཤུགས་གཅིག་སྒྲིལ་གྱིས་རོགས་ལས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་རྒྱུན་འཛིན་རྒྱུན་མཐུད་ཐུབ་ཡོད་པ་དང་། དུས་ཚོད་ཇི་ཙམ་ཕྱིན་ན་དེ་ཙམ་གྱིས་བརྟན་དུ་འགྲོ་བཞིན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པ་དང་། དེང་རབས་ཅན་ནི་ཕུགས་འདུན་དེ་དོན་དངོས་དང་སྦྲེལ་མཐུད་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཡིན། དེ་སྔ་ཡིན་ནའང་འདྲ། ད་ལྟ་ཡིན་ནའང་འདྲ། གང་ལྟར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྔོན་སྐྱོད་པ་ཡིན་ལ། འབྱུང་འགྱུར་ཡང་ལག་གདང་སྦྲེལ་ནས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་གྱི་མདུན་གྲལ་དུ་བསྐྱོད་ངེས་ཡིན་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར་28ལྷག་ཙམ་གྱིས་བློ་སེམས་གཅིག་མཐུན་བྱས་ཚེ། དེང་རབས་ཅན་གྱི་བགྲོད་ལམ་ཐོག་འོད་སྟོང་འབར་བའི་གྲུབ་འབྲས་ཐུན་མོང་ཐོག་གཏོད་ཐུབ་ངེས་ཡིན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེང་རབས་ཅན་གྱི་བྱ་གཞག་དབྱར་མཚོ་རྒྱས་ལྟར་གོང་འཕེལ་ཡོང་རྒྱུར་སྣེ་ཁྲིད་ཐུབ་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པ་ང་རང་ལ་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།

གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་ཡིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པའི་ཚབ་ཞུས་ནས་མཛའ་གྲོགས་ལྡན་པའི་ཀྲུང་གོའི་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་བཀོད་སྒྲིག་འཐུས་ཚང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་རྨང་གཞི་གཏིང་ཟབ་ཅིང་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕྱོགས་གཉིས་པོའི་འདུ་ཤེས་འདྲ་མཚུངས་ཡིན་པ། ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་རྒྱལ། མཐུན་སྒྲིལ་མཉམ་ལས་བཅས་བྱེད་ཀྱི་ཡོད་ཅིང་། དེ་བས་འདྲ་མཉམ་དང་གོ་རིམ་ལྡན་པ་དང་ཀུན་ཕན་ཁོང་ཡངས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོར་རང་ངོས་འཕེལ་རྒྱས་མགྱོགས་མྱུར་མངོན་འགྱུར་བྱུང་བ་མ་ཟད། འཛམ་གླིང་ཞི་བདེ་དང་འཕར་སྣོན་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་དང་དེ་བཞིན་གླེང་སྟེགས་ལམ་སྲོལ་འཛུགས་སྐྱོང་བྱ་རྒྱུ་ཚུད་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དེ་བས་ཡག་པོ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་སྐུ་མགྲོན་ཚོ་དང་ལྷན་དུ《ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད། འབྱུང་འགྱུར་མཉམ་དུ་གཏོད་པར་བྱེད》ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད། འཁྲབ་སྟོན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་སྙིང་ཉེ་བའི་རྣམ་པ་མངོན་པར་བྱས་ཡོད་པས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བར་མེད་གྲགས་ཡོད།

ཝང་དབྱི་དང་། དབྱིན་ལི། ལི་ཧྲུའུ་ལེ། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1