ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་དང་སོ་སོར་གྲོས་མོལ་གནང་བ།

ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 09-06


སྤྱི་ཟླ་9ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་གྲོས་མོལ་གནང་བ།

སྤྱི་ཟླ་9ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་དང་གྲོས་མོལ་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ་9ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཙམ་པབ་ཝེ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་བྱེད་ཟབ་ཏུ་ཕྱིན་པ་དང་མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་དོད་དུ་ཕྱིན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། སང་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་རྒྱུ་རེད། ཀྲུང་གོ་དང་ཙམ་པབ་ཝེ་རྒྱལ་ཁབ་གཉིས་ཀྱིས་མཛའ་གྲོགས་ཟབ་མོ་སྔར་བས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་མཐུན་ཡོད། ཕྱོགས་གཉིས་པོས་མཛའ་མཐུན་གྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། བདེ་འཇགས། མི་ཆོས་རིག་གནས། རྒྱལ་སྤྱིའི་མཉམ་ལས་བཅས་ཀ་རྟེན་དུ་བྱས་པའི“སྐར་ལྔ་རིམ་པའི་གྲོགས་པོ་བློས་ཐུབ”ཀྱི་མཉམ་ལས་སྒྲོམ་གཞི་བཙུགས་ནས་ལག་གདང་སྦྲེལ་ཏེ་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཙམ་པབ་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཙམ་པབ་ཝེ་རྒྱལ་ཁབ་གཉིས་དང་ཏང་གཉིས་ཀྱི་འདུ་ཤེས་ཧ་ལམ་མཚུངས་པ་དང་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་དེ་ནི་ཀྲུང་གོ་དང་ཙམ་པབ་ཝེའི་འབྲེལ་བའི་ལེགས་ཆ་ཆེ་ཤོས་ཤིག་རེད། ཙམ་པབ་ཝེ་ཕྱོགས་ཀྱིས་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་དང་ཁྲིམས་འགལ་བཀག་སྡོམ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཙམ་པབ་ཝེ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་མ་འཇོག་དང་། ཚོང་དོན། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གཏེར་རྫས། ནུས་རྒྱུ་གཙང་མ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་ཧྥེའི་མཉམ་སྦྲེལ་མཉམ་མཐུད་ཀྱི་འབྲེལ་ལམ་བཏོད་དེ་ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁའི་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེའི་ཕུལ་བྱུང་སློབ་མ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བར་མུ་མཐུད་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་མཁོ་འདོན་བྱས་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་དང་འདོད་ཚུལ་སྣ་ཚོགས་ལ་རྒྱབ་སྐྱོར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཙམ་པབ་ཝེ་ཡིས་ཨ་ཧྥེ་རི་ཁ་ལྷོ་རྒྱུད་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཙམ་པབ་ཝེ་ཕྱོགས་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་ནས་ལག་གདང་སྦྲེལ་ཏེ་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་རྡོར་བརྩིས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུར་སྐྱོད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཨ་ཧྥེ་རི་ཁ་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། ཤེས་དཔལ་བཅས་འཕེལ་རྒྱས་ཕྱིན་པའི་སྣེ་གལ་ཆེན་ཞིག་ལ་གྱུར་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་དང་ལམ་སྲོལ་གལ་ཆེ་ཤོས་ཤིག་ཡིན་པ་དེ་རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པར་སྣེ་ཁྲིད་བྱེད་པའི་དར་ཆ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ད་ཐེངས་ཀྱི་གླེང་སྟེགས་དབུ་ཚོགས་དེ་ཀྲུང་ཧྥེའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ལྟ་བུར་འགྱུར་བའི་ཚོགས་འདུ་གཟབ་རྒྱས་ཤིག་འཚོགས་ནས་ཀྲུང་ཧྥེ་ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་གྱི་ཁ་ཕྱོགས་དང་མངོན་འགྱུར་གྱི་ཐབས་ལམ་ཁ་གསལ་བཟོ་འདོད་ཡོད།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་གསུངས་དོན། ད་ཐེངས་ཀྲུང་གོར་འཚམས་འདྲི་བྱེད་རིང་ངས་ཧུའུ་ནན་དང་། ཧྲེན་ཀྲེན། ནན་ཅིང་བཅས་སུ་འཚམས་འདྲིར་ཕྱིན་པས་སྐུལ་མ་ཆེན་པོ་ཐེབས་བྱུང་ལ་བློ་སྒོ་ཡང་ཕྱེ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་ཀྲུང་གོའི་ལག་རྩལ་དང་ཁེ་ལས་མང་པོ་ཞིག་འཛམ་གླིང་ཐོག་སྔོན་ཐོན་གྱི་ཆུ་ཚད་དུ་གནས་ཡོད། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པས་ཀྲུང་གོ་མི་དམངས་ཀྱི་བདེ་རྩ་སྔར་བས་ཆེ་རུ་འགྲོ་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་ཐ་ན་མིའི་རིགས་ཀྱི་འབྱུང་འགྱུར་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ་9ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ནི་ཀྲེ་རི་ཡ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་མི་འབོར་མང་བ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཚུན། ཀྲུང་གོ་དང་ནི་ཀྲེ་རི་ཡའི་དབར་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་མཉམ་འབྲེལ་རང་སྟོབས་དང་མཉམ་ལས་གཉིས་ཕན་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་དཔེ་སྟོན་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་མཉམ་ལས་རྣམ་གྲངས་འབོར་ཆེན་ཞིག་ཐུན་མོང་ཐོག་ལག་བསྟར་བྱས་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་རེད། ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས་རང་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱས་ཏེ་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ལེགས་ཆ་ཕན་ཚུན་གསབ་རེས་དང་གཉིས་ཁེ་གཉིས་ཕན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་གཏེར་ཁ་དེ་ཐོན་ལས་མཉམ་འགུལ་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུ་གསར་པ་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་དགོས། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ནི་ཀྲེ་རི་ཡར་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་དང་རྣམ་གྲངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་ཡོད། མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་རྒྱུས་མངའ་ལོན་ཚད་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ནས་ནི་ཀྲེ་རི་ཡ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ནི་ཀྲེ་རི་ཡ་ཕྱོགས་དང་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་འདོད་ཡོད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་ཀྲུང་ཧྥེའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ནུས་ལྡན་ཞིག་ཡིན་པ་མ་ཟད། ལྷོ་ལྷོ་མཉམ་ལས་ཀྱི་དར་ཆ་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གོ་སྐབས་སུ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ནུས་གསར་པ་སྣོན་འདོད་ཡོད།

ཐི་ནུའུ་པུའུ་ཡིས་གསུངས་དོན། མཛེས་སྡུག་ལྡན་པའི་ཀྲུང་གོར་འཚམས་འདྲིར་ཡོང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ། ནི་ཀྲེ་རི་ཡ་དང་ཀྲུང་གོའི་འབྲེལ་བ་དུས་རབས་ཕྱེད་ཀ་ལྷག་ཙམ་རྒྱུན་མཐུད་བྱས་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ཀྱིས་ནི་ཀྲེ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནི་ཀྲེ་རི་ཡ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་གནང་བར་ང་རྦད་དེ་མོས་མཐུན་ཡོད། ནི་ཀྲེ་རི་ཡར་ན་གཞོན་མི་འབོར་མང་པོ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད་པ་དང་ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྱང་སྒྱུར་བཅོས་སྒོ་དབྱེ་ཁྱབ་གདལ་གཏོང་བཞིན་ཡོད་པས། ནི་ཀྲེ་རི་ཡ་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དེ་ནི་ཀྲེ་རི་ཡའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་བ་ཞིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1