གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་ཡར་མཆོད་གནམ་ཐེལ་ར་དཀར་སྐྱ། །
གནམ་ཐེལ་དཀར་པོ་མཆོད་ཙ་ན། །
གུར་དཀར་སྐུ་ཇུས་དགུང་ལས་མཐོ། །
མཆོད་ཅིག་བར་ཐེལ་ར་ཁྲ་སྐྱ། །
བར་ཐེལ་ཁྲ་བོ་མཆོད་ཙ་ན། །
གུར་སེར་ཇུས་རྩ་རི་ལས་བརླིང་། །
མར་མཆོད་ས་ཐེལ་ར་ནག་སྐྱ། །
ས་ཐེལ་ནག་པོ་མཆོད་ཙ་ན། །
གུར་ནག་བུ་རྟ་མཚོ་ལས་ཆེ། །
མཆོད་ཅིག་ལྕོག་ལྷ་མཚར་རྩེ་མཆོད། །
ཤན་པའི་མཚལ་རྩེ་མཆོད་ཙ་ན། །
དེ་རིང་དཔའ་བོའི་རྟིང་མར་ལྟོས། །
ཆུ་ཕ་རི་གླིང་དཀར་གཞི་དཀྱིལ་ནས། །
རྒྱ་ཟའི་བུ་རོ་ག་སྡུག་དང་། །
སྒ་སྡེ་ལྷ་མེད་རེ་གོས་ཅན། །
ཝ་བརྟུལ་བུ་མོ་སུམ་ཅུ་བཅས། །
སྡར་མ་ཁྱུ་གཅིག་ཚུར་ལ་ཉོན། །
ས་འདིའི་ས་ངོ་མ་ཤེས་ན། །
གླིང་སྲིབ་རྨ་ཆུའི་གཡོན་ཟུར་ནས། །
ས་ཨ་ཕྱི་དུག་ཐང་སྐྱ་མོ་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
མཛོ་མོ་རུ་རྫོང་མཁར་ནང་ནས། །
སྡིག་པ་རྭ་ཙའི་བུ་སྐལ་ལ། །
ཆེ་བ་ཤན་པ་རྨེ་རུ་རྩེ། །
དེ་མཚན་ཨ་ལྔ་མཐེབ་དྲུག་ཡིན། །
དེ་མཆན་རྩལ་ཆེན་སྦར་འཛིན་ཡིན། །
དེ་མཆན་རི་བོ་པང་འཁོར་སྲིད། །
ཆུང་བ་གླང་པོ་ཁྲ་འབར་ཡིན། །
ཨ་སྔོན་དགུང་གི་འགྲིམ་ལམ་ན། །
སྐར་ཚོགས་ང་བཀྲ་མང་བསམས་ཏེ། །
བཀྲག་ཐག་ཆོད་སྨིན་དྲུག་ཁྲ་མོ་རེད། །
དོག་མོ་ས་ཡི་འགྲིམ་ལམ་ན། །
དཔའ་བོ་ཡིན་སྙམ་མང་བསམས་ཏེ། །
ཡིན་ཐག་ཆོད་སྡིག་པའི་བུ་ལྔ་ཡིན། །
ད་ནངས་འབུམ་དམག་གཞི་དཀྱིལ་ནས། །
ང་རྩལ་ཆེན་ཤན་པས་སྒྱོགས་ཤིང་བཙུགས། །
ཤེད་ཆེན་རི་བོས་སྒྱོགས་རྡོ་སྒྲིལ། །
ཤན་རྒོད་རྨེ་རུས་སྒྱོགས་ཐག་སྒྲིལ། །
སྟོབས་ཆེན་གླིང་པོས་སྒྱོགས་ལྕེ་འཐེན། །
སྒྱོགས་གཏད་གླིང་དཀར་ཕྱོགས་ལ་གཏད། །
དེ་སྟེ་གནའ་མིའི་གཏམ་དཔེ་ལ། །
ཁྲི་གདུགས་ཉི་མའི་རང་འོད་ལ། །
མེ་ཁྱེར་སྲིན་བུས་འགྲན་ཡ་བཙུགས། །
གངས་དཀར་སེངྒེའི་གཡུ་རལ་ལ། །
ཁྱི་ནག་དོམ་བུའི་རྔ་མས་འགྲན། །
གཡུ་འབྲུག་སྔོན་མོའི་ངར་སྐད་ལ། །
དྲི་ཟ་བུང་བའི་སྐད་ཀྱིས་འགྲན། །
འབུམ་དམག་ཤན་རྒོད་དཔུང་ཡ་ལ། །
གླིང་ཕྲུག་ཐལ་རྩེད་འགྲན་ཡ་བཙུགས། །
ཆབ་ཆུ་བོ་གར་འབབ་མི་ཤེས་པའི། །
ཆུ་ཕྲན་རྦ་རླབས་འུར་སྒྲ་ཆེ། །
རྦབ་རྒོད་གར་འགྲིལ་མི་ཤེས་པའི། །
ལ་རིང་གི་གཟུར་འགྲོས་ཨ་བ་རི། །
སྤྱང་ཐང་གར་རྒྱུག་མི་ཤེས་པའི། །
རྫི་ཆུང་གི་འུར་རྡོ་སྙིང་རེ་རྗེ། །
སྟོན་བ་མོ་ནམ་འབེབས་མི་ཤེས་པའི། །
འབྲས་སྙེ་མའི་མགོ་རྩེད་ཨ་བ་རི། །
ཧོར་སྒྱོགས་ཆེན་གར་འབབ་མི་ཤེས་པར། །
གླིང་རུའི་རྡོ་འཕེན་ངོ་རེ་ཚ། །
ལ་ཆེན་གླིང་དཀར་ཝ་མོ་རྣམས། །
བློ་མེད་སྡིག་གཅོད་བློ་ཡ་བྱེད། །
ཤེད་མེད་ཤེད་ཆེན་དཔུང་ལ་འགྲན། །
རྩལ་མེད་ཨ་ཕོའི་རྩལ་ལ་འཁུ། །
སྟོབས་མེད་ཁྲ་འབར་སྟོབས་ལ་འགྲན། །
དཔུང་མེད་གུར་དཀར་གནམ་ལ་སྙེག །
མི་མཉམ་མེ་དམར་ཕར་བུས་ན། །
གཉོམ་ཆུང་ཁ་སྤུ་གཞོབ་ལ་སྲེག །
མི་ཐུབ་བྲག་ལ་རྡོ་བརྒྱབ་ན། །
མི་གྲག་འུག་པ་མཐའ་ལ་སྐྲོད། །
ངའི་སྒྱོགས་རྡོ་ཕྱེད་ཀའི་རྟིང་མ་ལ། །
འབྲི་སྒ་སྡེའི་མི་མང་ས་འོག་ཐལ། །
གནམ་ས་འཚུབ་ཀྱིས་གང་ནས་ཐལ། །
ཧོར་སེར་འབུམ་དམག་ཁྲ་བོ་འདི། །
ཨ་ལི་དགའ་ལ་མུ་ལུ་སྐྱིད། །
དགའ་བའི་ཀི་སྒྲ་དགུང་ལ་འཐེན། །
སྐྱིད་པའི་བསྭོ་སྒྲས་གནམ་ས་བཀང་། །
སྙིང་སྤྱི་ཚིམ་གླིང་དཀར་ཝ་ཕྲུག་ཚོ། །
སྒེར་ཚིམ་རྒྱ་ཚ་ཚེ་ཟད་ཁོ། །
འབྲུ་སྒ་སྡེའི་ལྷ་མེད་བེར་ནག་ཁོ། །
ད་ཁ་ཤ་འཐེན་ལ་བྲང་ཤ་རྡུངས། །
རལ་པ་ཐོགས་ལ་མཆི་མ་ཐོངས། །
སྙིང་ཚིམ་ཚིམ་བེར་ནག་ཁོ་ལ་ཚིམ། །
གླུ་འཁྲུལ་བ་སོང་ན་མཐོལ་ལོ་བཤགས། །
ངག་འཆལ་བ་སོང་ན་བཟོད་པར་བཞེས། །
གླིང་ལྷ་སྡེའི་ཐུགས་ལ་དེ་ལྟར་ཞོག །