ཐོག་མའི་གླེང་གཞི།བརྟག་ཐབས་ཀྱི་ལས་ལ་བསྙེག་པ་ནི་ཚན་རིག་གི་འཇུག་སྒོ་ལྟ་བུ་ཡིན་ཞེས་བཤད་ནའང་མི་འཚམ་པ་ཅི་ཡང་མེད། སྔོན་གྱི་མཁས་པ་ཚོས་བརྟག་ཐབས་ཀྱི་ལས་རིགས་འདི་ལ་ཧ་ཅང་གིས་དོ་སྣང་དང་གདེང་འཇོག་མཐོན་པོ་བྱས་ཏེ་འདིའི་སྐོར་གྱི་གཞུང་ལུགས་འདྲ་མིན་མང་དུ་མཛད་ཡོད་དེ། བསྟན་འགྱུར་ནང་དུའང་བརྟག་ཐབས་ཀྱི་སྐོར་འཁོད་ཡོད་པ་དཔེར་ན། ས་གཞི་བརྟག་པ།
ལྗོན་ཤིང་བརྟག་པ།རིན་པོ་ཆེ་བརྟག་པ། གོས་བརྟག་པ། རྟ་བརྟག་པ། གླང་བོ་ཆེ་བརྟག་པ། སྐྱེས་པ་བརྟག་པ། བུད་མེད་བརྟག་པ་སོགས་བརྟག་ཐབས་ཀྱི་གཞུང་ལུགས་མང་དུ་མཆིས་སོ།མཚན་ཉིད་ཀྱི་དཔེ་ཆ་ཁག་ལས་ཀྱང་། བརྟག་དཔྱད་ནི་མངོན་ཤེས་ལས་ཀྱང་ཕྲའོ། ཞེས་བརྟག་ཐབས་འདི་གལ་ཆེ་ཚུལ་གཟབ་ནན་གྱིས་གསུངས་ཡོད། རྒྱལ་ཁབ་ཕྱི་ནང་གི་རྩོད་སྒྲུབ་རིག་པའི་གཞུང་ལུགས་ཁག་ལས་ཀྱང་། བྱ་བ་གང་ཞིག་གི་མགོ་བརྩམས་ནའང་།ཐོག་མར་གཏན་ཚིགས་རིག་པའི་གནས་ལུགས་དང་མཐུན་མི་མཐུན་དེ་ལ་བརྟག་དཔྱད་གཏོང་བ་ནི་རྩོད་སྒྲུབ་རིག་པའི་རྩ་བའི་རྨང་གཞི་ལྟ་བུ་ཡིན་ཞེས་བསྟན་ཡོད།དེའི་ཕྱིར། བརྟག་ཐབས་ཀྱི་རིག་པ་འདི་ནི། གང་ལའང་མེད་དུ་མི་རུང་བ་ཞིག་ཡིན་པ་མངོན་གསལ་རེད།གཟི་བརྟག་པ་ནི་རིན་པོ་ཆེ་བརྟག་པའི་བསྟན་བཅོས་ལས་ནང་ཚན་ཞིག་ཡིན། སྔོན་བྱོན་བོད་ཀྱི་མཁས་པའི་ཁྲོད་དུ་རིན་པོ་ཆེ་བརྟག་པའི་བསྟན་བཅོས་མཛད་པའི་མཁས་པ་མི་ཉུང་བ་ཞིག་བྱོན་མྱོང་ཞིང་།དེ་དག་ལས་མང་མིང་དུ་གྲགས་པ་རྣམས་ནི། བཟོ་ཀོང་ཙེ་འཕྲུལ་རྒྱལ་དང་། དཔྱད་བུ་ཁྲིད་ཤེས།བཟོ་རྒྱལ་གར་མ། བཻ་རོ་ཙ་ན། གཡུ་ཐོག་ཡོན་ཏན་མགོན་པོ། གཡུང་དྲུང་གར་མ། (ཀརྨ)ཟུར་མཁར་བ་མཉམ་ཉིད་རྡོ་རྗེ།འབྲུག་པ་པདྨ་དཀར་པོ། བཀྲ་ཤིས་རྣམ་རྒྱལ། ཀློང་རྡོལ་བླ་མ། འཇིགས་མེད་གླིང་བ། དེའུ་དམར་དགེ་བཤེས།འཇུ་མི་ཕམ་སོགས་ཡིན་པ་ཡོངས་གྲགས་ལྟར་རོ། གོང་འཁོད་ཀྱི་མཁས་པ་དེ་དག་ལས་གཟི་ལ་ཆེད་དུ་ཞིབ་འཇུག་བྱས་ཏེ་གཞུང་ལུགས་མཛད་ཡོད་པ་ནི་གཡུང་དྲུང་གར་མ་དང་།ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ལས་དེ་མིན་གྱི་མཁས་པ་དག་ནི་ཞར་ཞོར་དང་ཟ་ཟུར་ཙམ་ལས་ཆེད་རྩོམ་མཛད་ཡོད་པ་ད་ཕན་བདག་གིས་མཐོང་མ་བྱུང་།ཉེ་ཆར་རྒྱལ་ནང་ལ་མཚོན་ན། རིན་པོ་ཆེའི་རིགས་གཅིག་པུ་ཡང་པེ་ཅིན་རིན་པོ་ཆེ་སློབ་གླིང་སོགས་ཆེད་སྦྱོང་སློབ་གྲྭ་དུ་མ་ཞིག་བཙུགས་ཡོད།བོད་ཡིག་གི་ཐོག་ནས་རིན་པོ་ཆེའི་རིག་གནས་སྦྱང་སའི་སློབ་གྲྭ་ཞིག་ག་ལ་ཡོད་དེ་འཛིན་གྲྭ་ཞིག་ཀྱང་མེད།དེ་བས་བོད་ཀྱི་དགེ་སློབ་ཚོ་རིན་པོ་ཆེའི་རིགས་ལ་རྒྱུས་ལོན་གཏིང་ཟབ་ཐེབས་པ་ཕར་ཞོགས་རགས་རིམ་ཙམ་ཡང་ཤེས་མཁན་ཆེས་ཆེར་ཉུང་ངོ་།གཟི་ནི་རིན་པོ་ཆེ་ནང་ནས་མཆོག་ཏུ་གྱུར་བའམ་ཕུལ་དུ་བྱུང་བ་ཡིན་ཞིང་། མིང་གཞན་ལ་ནོར་བུ་བསམ་འཕེལ་ཡང་ཟེར།བོད་མི་རྣམས་ཀྱིས་གཟི་ལས་ལྷག་པའི་རིན་པོ་ཆེ་ཞིག་ཡོད་པར་མི་འདོད་ལ། ལན་ཆགས་དང་། བར་ཆད།གདོན་ནད། གཟའ་ནད་སོགས་ཀྱང་འདི་ཡིས་སེལ་བར་བཤད་ཅིང་། བསོད་ནམས་དབང་ཐང་དང་། རླུང་རྟ་ཡར་རྒྱུག བསམ་དོན་ཡིད་བཞིན་བཅས་ཀྱང་འདི་ཡིས་བསྒྲུབ་པར་བཤད་དོ། །