ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《རྨོ་ཞིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ། བཟུང་གསབ་དོ་སྙོམས་འཐུས་སྒོ་ཚང་དུ་གཏོང་བ་བཅས་སྐོར་གྱི་བསམ་འཆར》བཀྲམ་པ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-27


ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

《རྨོ་ཞིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ། བཟུང་གསབ་དོ་སྙོམས་འཐུས་སྒོ་ཚང་དུ་གཏོང་བ་བཅས་སྐོར་གྱི་བསམ་འཆར》བཀྲམ་པ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྨོ་ཞིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ། བཟུང་གསབ་དོ་སྙོམས་འཐུས་སྒོ་ཚང་དུ་གཏོང་བ་བཅས་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བསམ་འཆར》ནང་བསྟན་དོན། འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་དང་། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱ་ཐབས་ནན་པོ་རབ་དང་རིམ་པ་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་པོ་བསྲུངས་ཡོད། དེ་དང་ཆབས་ཅིག མི་མང་ལ་ས་ཞིང་ཉུང་བའི་རང་རྒྱལ་གྱི་རྒྱལ་བབ་ལ་འགྱུར་བ་བྱུང་མེད་ཅིང་། རྨོ་ཞིང“ཞིང་ལས་ལ་མི་སྤྱོད་པ”དང“འབྲུ་རིགས་མི་འདེབས་པའི”གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས། རྨོ་ཞིང་སྲུང་སྐྱོང་གི་དུས་བབ་སྔར་བཞིན་ཛ་དྲག་ལ་ལས་འགན་དེ་བས་དཀའ་ཚེགས་ཆེན་པོ་ཡོད།

《བསམ་འཆར》ནང་བསྟན་དོན། རྨོ་ཞིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ། བཟུང་གསབ་དོ་སྙོམས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་དོན་འཁྱོལ་བྱེད་པ། རྨོ་ཞིང་སྲུང་སྐྱོང་བྱེད་པ་དེ་བརྒྱུད་རིམ་ལས་གྲྭར་བརྩི་བ། རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“གནས་གསུམ་གཞི་གཅིག”སྲུང་སྐྱོང་མཐའ་འཁྱོངས་བྱེད་པ། ཆོས་ཉིད་ལ་བརྩི་འཇོག་དང་། བབ་བསྟུན་སྣེ་ཁྲིད། ཡུལ་བབ་དང་བསྟུན་པ། སྙིང་རུས་གཏན་འཁྱོངས་བྱེད་པ། བྱེད་པོ་ཁག་གི་རྨོ་ཞིང་སྲུང་སྐྱོང་བྱེད་པའི་ཧུར་སེམས་སྐུལ་སྤེལ་གང་ལེགས་བྱེད་པ། རྨོ་ཞིང་གི་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ། ཞིང་ལས་ཐོན་སྐྱེད་ཀྱི་བར་མཐོངས་རྒྱ་སྐྱེད་བརྟན་པོ་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་ནུས་པ་བརྟན་པོ་སྲུང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།

《བསམ་འཆར》ནང་བསྟན་དོན། སྤུས་འབོར་གལ་འགངས་ཆེ་མཉམ་མཐའ་འཁྱོངས་བྱེད་དགོས། རྨོ་ཞིང་གི་གྲངས་འབོར་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྨོ་ཞིང་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་ཞིང་ནང་ཆུ་བེད་འཛུགས་སྐྲུན་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། དུས་གཏན་གྱི་གཞི་རྩའི་ས་ཞིང་དེ་ཉིད་ཚད་གཞི་མཐོ་བའི་ས་ཞིང་དུ་དངོས་འབྲེལ་སྐྲུན་དགོས། རྨོ་ཞིང་བཟུང་གསབ་དོ་སྙོམས་དོན་འཁྱོལ་ནན་པོ་བྱས་ཏེ་གྲངས་འབོར་དོ་སྙོམས་དང་། སྤུས་ཚད་དོ་སྙོམས། ཐོན་ནུས་དོ་སྙོམས་བཅས་ཏན་ཏིག་ཡོང་བར་བྱས་ནས་མང་བ་བཟུང་བ་དང་ཉུང་བར་གསབ་པ་དང་། ལེགས་ས་བཟུང་བ་དང་ཞན་སར་གསབ་པ། ཧྲིལ་པོ་བཟུང་བ་དང་ཆ་ཤས་ལ་གསབ་པ་བཅས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།

ཁྲིམས་སྒྱུར་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་ལེན་བསྟར་ནས་བཙན་ཤེད་ཀྱི་བྱ་ཐབས་ནན་པོ་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་བྱེད་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་རིམ་དབྱེ་དོན་འཁྱོལ་བྱེད་པ། ལྟ་འདོམས་ཀྱི་ཁྲིམས་སྒྱུར་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་རྨོ་ཞིང་དུ“ཞིང་ལས་ལ་མི་སྤྱོད་པའི”རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། དུས་གཏན་གྱི་གཞི་རྩའི་ས་ཞིང་དུ“འབྲུ་རིགས་མི་འདེབས་པའི”རིགས་སྔོན་འགོག་བྱེད་དགོས།

བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་བྱེད་རྒྱུ་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་བཞག་ནས་བསམ་གཞིག་བྱས་ཏེ་བྱེད་པོའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་དགོས།

བསྟུད་མར་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དུས་ཐུང་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རྨོ་ཞིང་སྤྱོད་གསོ་ཟུང་འབྲེལ་དང་རྒྱུན་མཐུད་ཆོག་པའི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་གི་ས་བཅུད་རྒྱུན་འཁྱོངས་དང་ཆེ་རུ་བཏང་ནས་དེང་རབས་མིའི་དགོས་མཁོ་སྐོང་དགོས་ལ། ཕ་ཚ་བུ་རྒྱུད་ལ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་མང་པོ་འཇོག་དགོས།

《བསམ་འཆར》ནང་ནན་བཤད་བྱས་དོན། རེས་སྐོར་གསར་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ནང་ཁ་གསལ་བཟོས་པའི་རྨོ་ཞིང་དང་དུས་གཏན་གྱི་གཞི་རྩའི་ས་ཞིང་སྲུང་སྐྱོང་གི་ལས་འགན་དོན་འཁྱོལ་བྱས་ནས་རྒྱལ་ཡོངས་ཀྱི་རྨོ་ཞིང་བདག་ཡོད་གྲངས་ཚད་མུའུ་དུང་ཕྱུར་18.65ལས་མི་ཉུང་བ་དང་། དུས་གཏན་གྱི་གཞི་རྩའི་ས་ཞིང་སྲུང་སྐྱོང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་15.46ལས་མི་ཉུང་བ་བྱས་ཏེ། དུས་གཏན་གྱི་གཞི་རྩའི་ས་ཞིང་དེ་ཉིད་རྨོ་འདེབས་ལ་འཚམ་པ་དང་། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ། ཐོན་ཚད་མཐོ་བརྟན་བཅས་ཀྱི་དེང་རབས་ཅན་གྱི་ས་ཞིང་གཤིན་པོ་རིམ་བཞིན་སྐྲུན་དགོས། རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་དམ་ནན་ཚད་ལྡན་བཟོ་བ། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་འདེབས་པ་དང་འབྲུ་རིགས་ལ་དམ་འཛིན་བྱེད་པའི་བྱེད་པོ་ཁག་གི་ཧུར་སེམས་ཡོངས་ཁྱབ་འཕེལ་བར་བྱེད་པ། རྨོ་ཞིང་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ནུས་ལྡན་ཐུབ་པ། འབྲུ་རིགས་ཐོན་སྐྱེད་ལ་འདེགས་སྐྱོར་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1