སྟོན་ཟླ་དགུ་པ་ནི་ས་མཐོའི་ཕྱུགས་རིགས་ལ་ཤ་ཤེད་རྒྱས་ཤིང་ཕྱུགས་རིགས་ཉོ་འཚོང་གི་དུས་ཚིགས་ཡག་ཤོས་ཤིག་ཡིན་པས། སྤྱི་ཟླ་9ཚེས་25ཉིན། ཧུང་ཡོན་རྫོང་གི་ཕྱུགས་རིགས་ཉོ་ཚོང་ཁྲོམ་རར་ཉོ་ཚོང་གི་ཡོ་ལང་རབ་ཏུ་རྒྱས་ཏེ་ཁྲོམ་རའི་ཁོ་ར་ཁོར་ཡུག་ཡོངས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། ཉིན་གཅིག་ལ་ཕྱུགས་རིགས་3000ལྷག་ཕྱིར་འཚོང་བྱེད་ཀྱིན་ཡོད་པ་དང་། ཁྲོམ་རའི་ཕྱི་རོལ་དུ་ཟོག་འདྲེན་རླངས་འཁོར་ཆེ་ཆུང་མང་བོ་གྲལ་རིང་བསྒྲིགས་ནས་ཉོ་ཚོང་ལ་བསྒུགས་ཡོད།
ཧུང་ཡོན་རྫོང་གི་ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་ནི་ཞིང་ཆེན་རིམ་པའི་གཞུང་ལམ་209དང་འདབས་འབྲེལ་དུ་ཆགས་ཡོད་ལ། ས་ཁམས་གནས་ཡུལ་ལེགས་པས་འགྲིམ་འགྲུལ་སྟབས་བདེ་བོ་ཡོད་པ་དང་། ཧུང་ཡོན་ས་གནས་ཀྱི་འབྲོག་པ་ལས་གཞན་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཀྱི་ས་གནས་ཁག་ནས་ཉོ་ཚོང་བྱེད་པར་ཡོང་མཁན་གྱི་འབྲོག་པ་མི་ཉུང་བ་ཞིག་ཡོད། དེ་མིན་ཁྲོམ་ར་དེ་བསྐྲུན་པ་ནས་བཟུང་གཉེར་སྐྱོང་བྱེད་པོར་གཅིག་སྡུད་ཚད་ལྡན་གྱི་ཉོ་ཚོང་གི་འཁོར་རྒྱུག་ལས་སྟེགས་ཤིག་བསྐྲུན་ཡོད་པར་མ་ཟད། ཕྱུགས་རིགས་ཀྱི་རིན་གོང་འགྲན་རྩོད་ལྟེ་གནས་དང་དྲྭ་ཐོག་ཕྱུགས་རིགས་ཉོ་ཚོང་ལས་སྟེགས་བསྐྲུན་ནས་མཉམ་འབྲེལ་དྲྭ་རྒྱ་དང་ཉོ་འཚོང་ཟུང་སྦྲེལ་གྱི་བྱེད་ཐབས་སྤྱད་དེ་ཕྱུགས་རིགས་ཀྱི་གྲངས་མཛོད་ཆེན་མོ་འཛུགས་སྐྲུན་ཡག་པོ་བྱས་ཡོད་ལ། དྲྭ་ཐོག་ནས་ཕྱུགས་རིགས་ཉོ་ཚོང་བྱེད་པ་མངོན་འགྱུར་བྱུང་བ་དང་བསྟུན་ནས་ཁྲོམ་རའི་དྲང་གཞག་གི་ཉོ་ཚོང་ལམ་ལུགས་དང་གོ་རིམ་ལྡན་པའི་དོ་དམ་ལའང་ས་གནས་ཁག་གི་རོང་འབྲོག་མང་ཚོགས་ཀྱིས་གདེང་འཇོག་བཟང་པོ་ཐོབ་ཡོད།
ཧུང་ཡོན་རྫོང་གི་ཕྱུགས་རིགས་ཉོ་ཚོང་ཁྲོམ་རའི་འགན་འཁུར་བ་དཀོན་མཆོག་ཚེ་རིང་གིས་བཤད་རྒྱུར། ད་ལོའི་སྤྱི་ཟླ་7ཚེས་1ཉིན་ཁྲོམ་རའི་སྒོ་ཕྱེས་པ་ནས་བཟུང་མིག་སྔའི་བར་ཕྱུགས་རིགས་57000ལྷག་ཙམ་ཉོ་ཚོང་བྱས་ཡོད་པ་དང་། དེ་དང་ཆབས་ཅིག་ཉོ་ཚོང་བྱ་ཡུལ་སྔར་ལས་ཡག་པོ་མཁོ་འདོན་བྱ་ཆེད། ང་ཚོས་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། ལྷག་པར་དུ་བདེ་འཇགས་སྒྲིག་ལམ་ལེགས་སྒྲིག་བྱས་ནས་བདེ་འཇགས་ལྟ་བཤེར་མི་སྣ་མང་དུ་བཏང་ཡོད་པ་དང་། གོ་རིམ་ལྡན་པའི་ངང་ཟོག་འདྲེན་རླངས་འཁོར་བཀོད་གཏོང་དང་ཉོ་ཚོང་མཐུན་སྦྱོར་ལེགས་སྒྲིག་བྱས་པས། ཕྱུགས་རིགས་ཉོ་ཚོང་བྱེད་དུ་ཡོང་མཁན་གྱི་ཚོང་བ་དང་མང་ཚོགས་རྣམས་དགའ་སྤྲོ་ཆེན་པོ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་དེང་རབས་རྩྭ་ཐང་འབྲོག་ལས་གཉེར་སྐྱོང་གི་མ་ལག་འཛུགས་སྐྲུན་བྱ་རྒྱུ་དམ་དུ་བཟུང་སྟེ། ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་གཞི་རྟེན་དུ་བྱས་ནས་ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་འཐུས་སྒོ་ཇེ་ཚང་དུ་བཏང་བར་མ་ཟད། འབྲོག་ལས་མཉམ་འདྲེས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ལེགས་པོ་བཏང་ཡོད། །