རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་གཟབ་རྒྱས་ངང་འཚོགས་པ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-08


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་དེ་སྤྱི་ཟླ་9ཚེས་30ཉིན་གྱི་དགོང་མོ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75སོང་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་འབད་འཐབ་ལྷོད་མེད་བྱས་པས། དཔལ་འབྱོར་གོང་འཕེལ་མགྱོགས་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་དེ་ཀྲུང་གོར་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། ཀྲུང་གོའི་མི་དམངས་ཀྱིས་འོད་སྟོང་གསར་པ་དེ་བས་ཆེ་བ་གཏོད་ངེས་ཡིན་ལ། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ངེས་རེད་ཅེས་ནན་སྟོན་གནང་ཡོད།

ལི་ཆང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་སྣེ་ལེན་ཚོགས་འདུར་ཞུགས་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་3000ཙམ་མཉམ་དུ་འཛོམས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་རྟེན་འབྲེལ་དང་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་རྣམ་པས་ཕྱུག་ཡོད། ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བརྗིད་ཉམས་ལྡན་པའི་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པ་དང་། “1949-2024”ཞེས་པའི་ཡིག་འབྲུ་ཆེན་མོའི་ལོ་རྟགས་དེ་དམར་མདངས་བཀྲ་བའི་དར་དམར་གྱི་རྒྱན་སྤྲོས་འོག་དེ་བས་མངོན་གསལ་དོད་པར་སྣང་།

ཆུ་ཚོད་17དང་སྐར་མ་30ཡོལ་ཙམ་ལ། སྤྲོ་སྣང་གིས་ཕྱུག་པའི《མགྲོན་བསུའི་རོལ་དབྱངས》ཀྱི་དབྱངས་རྟའི་ཁྲོད། ཞི་ཅིན་ཕིང་སོགས་གསོལ་སྟོན་ཁང་དུ་ཕེབས་ནས་ཚང་མར་ཕྱག་གཡུག་གཡུག་གནང་སྟེ་གུས་འདུད་ཞུས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།

སྣེ་ལེན་ཚོགས་འདུ་འགོ་ཚུགས་པ་དང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》ཚོམས་ཆེན་ནང་ལྷང་ལྷང་དུ་གྲགས་ཡོད།

སྒྲ་གདངས་གསལ་བའི་དུང་བརྡའི་སྒྲའི་ཁྲོད། ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས། ང་རང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ། ཀྲུང་གོ་གསར་པའི་འཛུགས་སྐྲུན་བྱ་གཞག་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མཛའ་གྲོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན། སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱ་སྤྱོད་ཡག་ཤོས་ནི་སྔར་བྱུང་མྱོང་མེད་པའི་རླབས་ཆེན་གྱི་བྱ་གཞག་དེ་ཟམ་མི་ཆད་པར་གོང་ནས་གོང་དུ་སྤེལ་རྒྱུ་དེ་རེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གིས་ཁྱོན་ཡོངས་ཀྱི་གནས་བབ་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་ནུས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་སྐྱེད་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱལ་ཁབ་གོང་འཕེལ་དང་ཡར་ཐོན་གྱི་ལས་དབང་དེ་ཀྲུང་གོའི་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པ་བྱེད་པ་བཅས་དང་། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ། ཐམས་ཅད་མི་དམངས་ལ་བརྟེན་པ་བཅས་མཐའ་འཁྱོངས་བྱས་ཏེ། མི་དམངས་ཡོངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ཁྲོད་བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་གང་ཐུབ་བྱེད་པ། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ངང་གོང་འཕེལ་གཏོང་བའི་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་འཛམ་གླིང་ཞི་བདེ་ལྷིང་འཇགས་དང་མིའི་རིགས་ཐུན་མོང་ཐོག་ཡར་ཐོན་ཡོང་བར་སྐུལ་སྤེལ་གཏོང་གང་ཐུབ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་ཝན་བ་བཅས་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཁྱོན་ཡོངས་དང་ཡང་དག བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཐའེ་ཝན་ནི་ཀྲུང་གོའི་བླ་ན་མེད་པའི་མངའ་ཁོངས་ཤིག་ཡིན་ཞིང་། མཚོ་འགག་གཡས་གཡོན་གཉིས་ཀྱི་མི་དམངས་རྣམས་ཤ་རུས་མཉམ་འདྲེས་དང་འོ་ཆུ་གཅིག་ཏུ་འདྲེས་ལྟར་བརྩེ་བ་ཟབ་མོ་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་ཀྱིས་མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་བཅས་ནི་དུས་ཀྱི་འཁོར་ཕྱོགས་དང་། བདེན་དོན་གནས་ས། དམངས་སེམས་ཕྱོགས་ས་བཅས་ཡིན་པས། ལོ་རྒྱུས་ཀྱི་ཟོ་ཆུན་སུས་ཀྱང་འགོག་མི་ཐུབ་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། མིའི་རིགས་སའི་གོ་ལ་གཅིག་གི་ཐོག་གནས་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལས་དབང་གཅིག་ཏུ་འབྲེལ་ཡོད། མིའི་རིགས་ཡོངས་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ངང་ཞུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་75རིང་གི་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བའི་བརྗིད་ཉམས་ལྡན་པའི་དཔེ་རིས་འགྲེམས་སྟོན་བྱས་པ་མ་ཟད་འོད་སྟོང་རབ་ཏུ་འཕྲོ་བའི་མདུན་ལྗོངས་འགྲན་ཟླ་བྲལ་བ་ཞིག་ཀྱང་མངོན་ཡོད། དུས་མཚུངས་སུ། མདུན་སྐྱོད་ཀྱི་བགྲོད་ལམ་ནི་ཐང་ཡངས་པོ་ཞིག་མིན་པས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་འཕྲད་ངེས་རེད། ང་ཚོས་བདེ་སྡོད་ཉེན་བསམ་དང་ཆུ་མ་ཤོར་གོང་ནས་རགས་རྒྱག་པའི་དཔེ་ལྟར་ངེས་གཏན་མེད་པ་དང་ཚོད་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་ཡོངས་སུ་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས། དཀའ་ངལ་གང་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་མདུན་སྐྱོད་བྱེད་པའི་གོམ་སྟབས་བཀག་འགོག་བྱ་མི་ཐུབ་ཅེས་བསྟན་གནང་ཡོད།

སྣེ་ལེན་ཚོགས་འདུར་ཞུགས་མཁན་གྲས་སུ་ད་དུང་ཝང་དབྱི་དང་། དབྱིན་ལི། ཧྲི་ཐའེ་ཧྥུང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཧོ་ལི་ཧྥུང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ལི་རུའེ་ཧོན། ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་བཅས་དང་། འགོ་ཁྲིད་ཀྱི་འགན་གནས་ལས་དགོངས་ཞུ་གནང་བའི་བློ་མཐུན་བཅས་ཡོད།

ཀྲུང་དབྱང་གི་ཏང་སྲིད་དམག་དམངས་སྡེ་ཁག་ཁག་དང་པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བ་གཙོ་བོ་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ལས་རིགས་ཁག་གི་མི་སྣ་གྲགས་ཅན་གྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག དམག་དཔོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། པེ་ཅིང་དུ་ཞུགས་པའི་སྐུ་གཤེགས་ཟིན་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་སྐུ་ཟླ། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་“མཛའ་བཤེས་གཟེངས་རྟགས”“བདུན་གཅིག་གཟེངས་རྟགས”“བརྒྱད་གཅིག་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི་བཅས་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་མི་སྣའི་འཐུས་མི། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་འཐུས་མི། དམག་བཀུར་དཔེ་བཟང་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི། གསར་བརྗེའི་དབང་པོ་སྐྱོན་ཅན་དམག་མི། དམག་ཞབས་འཐིམས་པའི་དམག་མིའི་འཐུས་མི་བཅས་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མི་ཁག་གཅིག་དང་གྲངས་ཉུང་མི་རིགས་ཀྱི་འཐུས་མི། པེ་ཅིང་དུ་ཞུགས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི། ཕྱི་ཁོངས་ཀྲུང་གོ་བ་བཅས་ཀྱི་འཐུས་མི་ཁག་གཅིག ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཁག་གི་ཀྲུང་གོར་བཅའ་སྡོད་འཐུས་མི། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་དང་ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣ་ཁག་གཅིག་སོགས་ཀྱང་སྣེ་ལེན་ཚོགས་འདུར་ཞུགས་ཡོད། 

སྤྲོ་སྣང་ལྡན་པའི་དབྱངས་རྟའི་སྒྲའི་ཁྲོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་མཆོད་ཞལ་བཀྱག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་ལྷན་དུ་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དར་རྒྱས་གོང་འཕེལ་དང་། མི་དམངས་བདེ་སྐྱིད་ཁམས་བཟང་། ཀྲུང་གོ་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་གྲོགས་ཡུན་ནས་ཡུན་དུ་གནས་པ་བཅས་ཀྱི་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1