༄༅།།ཤེ་མའི་ཉིན་གཅིག་གི་འཚོ་བ།

གཡག་རྫི་རྒན་གྲས་དཀོན་མཆོག རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ་ལས་དྲངས། སྤེལ་དུས། 10-11


ཤར་ནས་སྐྱ་རེངས་ནམ་བརྡ་བཏང་། །

བྱ་མ་བྱེ་འུས་སྐད་གཅིག་བརྒྱབ། །

དེ་དུས་ཨ་འབྲོག་རྫི་འུས་བཞེངས། །

ལུས་ལ་ན་བཟའ་དཀར་འཇམ་བཞེས། །

ཞབས་ལ་ཞབས་ཕྱགས་རྩབ་ཧྲལ་བཞེས། །

དབུ་ལ་རྩིད་ཞྭ་ནག་པོ་བཞེས། །

ཕྱག་གཡས་འུར་རྡོ་ཁྲ་ཆུང་འཁྱེར། །

ར་ཕོའི་རས་སྒོ་ཤར་ལ་ཕྱེས། །

སྐད་གཅིག་མ་བརྒྱབ་སྐད་གཅིག་བརྒྱབ། །

རྒྱ་དམར་རྒྱ་ཕྲུག་སྐད་གཅིག་འབོད། །

དམར་ནག་ཁ་སྦྱར་རྒྱན་གཅིག་གཡོགས། །

ཕུར་པ་ཙན་དན་ཕུར་པ་བཏིབ། །

འདོགས་ཐིག་ཨ་ལོང་གསུམ་བརྩེགས་བཏགས། །

ཆ་རུ་ལྕགས་ཀྱི་འགུག་ལ་དྲངས། །

དང་པོ་གདང་ས་དཀར་ནག་བཀུག །

གཉིས་པ་ན་སྤང་མཚམས་ནས་བཀུག །

གཡས་རིའི་ལྡེབས་ནས་ཀི་གཅིག་བརྒྱབ། །

གཡོན་རིའི་ལྡེབས་ནས་ཤུ་གཅིག་བརྒྱབ། །

ཀི་མ་ཤུ་ལ་མདུད་གཅིག་བརྒྱབ། །

གཡག་གུ་རོག་པོའི་རྡིག་སྒྲ་བརྒྱབ། །

སིང་ལེའི་འབྲི་མོའི་ངུར་སྒྲ་བརྒྱབ། །

དེ་དུས་ཨ་འབྲོག་ཤེ་མ་ལངས། །

ལུས་ལ་ན་བཟའ་རྒྱ་དམར་བཞེས། །

དབུ་ལ་རྒྱ་གར་དབྱར་ཞྭ་བཞེས། །

ཞབས་ལ་ཞབས་ཕྱགས་འབུ་ལྷམ་བཞེས། །

ཕད་ཚྭ་ཕད་ཁུག་ལོགས་ལ་དྲངས། །

གཅིག་གཅིག་གཉིས་གཉིས་ཚང་གཅིག་བརྒྱབ། །

རོག་པོ་རོག་པོའི་གདང་གཅིག་བཏང་། །

སྐྱུང་ཀ་ཐང་ལ་བབས་འདྲ་ཡོད། །

ཁྲ་ཁྲ་ཁྲ་ཁྲའི་གདང་གཅིག་བཏང་། །

ཁྲ་ཁྲ་ཡོས་ཆ་བརྔོས་འདྲ་ཡོད། །

མདོངས་མོ་གདོངས་མོའི་གདང་གཅིག་བཏང་། །

མདོངས་མོ་སྐར་ཆེན་ཤར་འདྲ་ཡོད། །

ཁྱུང་བཟང་རོག་མོ་མདུན་དུ་བསྐོངས། །

དཔུང་ཐིག་ཁྲ་ཆུང་ལྕགས་རོགས་བརྒྱབ། །

ཕྱག་གཡས་པདྨའི་འདབ་བརྒྱད་འཁྱེར། །

ཁ་དེ་དང་པོ་བཏང་ཙ་ན། །༼བེའུ་སླུས༽

ལྷོ་སྤྲིན་བྱང་ལ་འཁྱུག་པ་འདྲ། །

ཁ་དེ་གཉིས་པ་བཏང་ཙ་ན། །

བེའུ་མགོ་ནག་པོས་ལྕོག་ལྕོག་བྱས། །

བེའུ་གཞུག་དཀར་པོའི་གཡབ་གཡུག་བརྒྱབ། །

ཕད་ཚྭ་དཀར་པོས་མགོ་སྐོར་བཏང་། །

ཆ་རུ་ལྕགས་ཀྱི་འགུག་ལ་དྲངས། །

པདྨའི་འདབ་བརྒྱད་ས་ལ་བཙུགས། །

ཕྱག་མཛུབ་བཅུ་ཡིས་རུབ་གཅིག་བརྒྱབ། །

དཀར་པོ་འོ་མའི་དྲག་ཆར་འབབ། །

དཀར་པོ་འོ་མའི་ལྡེམ་གཅིག་བརྒྱབ། །

དཀར་པོ་རྣ་པགས་ནང་དུ་བླུགས། །

ཨ་འབྲོག་རྫི་བུའི་རྒྱབ་ཏུ་བསྐུར། །

ཡིད་འགྲོ་སྔོན་མོའི་ཆུ་ལ་གཡུགས། །

ཐབ་རྡོ་ལྷ་རོགས་སྤུན་གསུམ་བཙུགས། །

དཀར་ཟོམ་རིགས་གསུམ་མགོན་པོ་བཙུགས། །

འོ་ཟ་༼ཟ་རུ༽ཚེས་བརྒྱད་ཟླ་བ་བཙུགས། །

འོ་དྲོས་མེ་དེ་བྱ་མགོ་ཙམ། །

བྱ་མགོ་ཙམ་ལ་ཚ་སྐྱོན་ཡོད། །

ཞོ་མོ་གྲང་པའི་ལྦུ་ལ་ལྟོས། །

ཐང་སྨད་ར་ཁྱུ་གློད་འདྲ་ཡོད། །

ཚ་གྲང་སྙོམས་པའི་ལྦུ་ལ་གཟིགས། །

ལྦུ་ཆེན་བརྒྱ་དང་ལྦུ་ཆུང་སྟོང་། །

ལྦུ་ཆེན་བརྒྱ་ཡིས་རང་ཚོད་ཟིན། །

ལྦུ་ཆུང་སྟོང་གིས་སེར་མིག་གསལ། །

གསེར་མིག་སེར་པོའི་མར་ལ་འགྱུར། །

དཀོན་མཆོག་རྣམས་ལ་མཆོད་པ་ཕུལ། །

ངན་སོང་རྣམས་ལ་སྦྱིན་པ་གཏོང་། །

དར་བའི་མེ་དེ་རི་རབ་ཙམ། །

རི་རབ་ཙམ་ལ་ཚ་སྐྱོན་མེད། །

ཕྱུར་བ་དཀར་པོའི་དུང་ལ་བཏང་། །

ཨ་འབྲོག་ང་ཚོའི་འཚོ་བ་བྱས། །

ཕྱུར་ཁུ་སྔོན་མོའི་གཡུ་ལ་བཏང་། །

ཁྱི་གུ་ནག་པོའི་འཚོ་བ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1