གྲོང་ཁྱེར་ལྷ་སའི་སྣོད་ཀྱི་བཀོད་པ་ཡང་པདྨ་འདབ་བརྒྱད་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མས་ཕྱུག དེ་དག་རེ་རེ་བཞིན་དྲངས་ན་པདྨ་འདབ་བརྒྱད་ནི་རི་ཀླུང་གི་མཚམས་དང་ཤུར་ཁ་རྣམས་བསྣན་ནས་བརྩི་དགོས་ཤིང་། དེ་ཡང་ཤར་སྟག་རྩེ་ངོས་ཀྱི་བྱང་རི་ལྷོ་བྲག་དཀར་མལ་གྲོ་ཕྱོགས་སུ་འགྲོ་སའི་ལམ་ཆེན་གྱི་ཕྱོགས་སུ་ཟུར་གཅིག་དང་། ཆོས་ལུང་། སྒམ་པོ་ལུང་། གྲིབ་ཀྱི་ལུང་པ། ལ་མོ་བཅས་ལ་ཟུར་རེ། ལྷོ་ནུབ་སྣེའུ་དང་སྟོད་ལུང་རི་སྣོལ་མཚམས་ཤུར་ལམ་ཆེན་པོའི་ཐད་དུ་ཟུར་གཅིག ནུབ་སྟོད་ལུང་གི་ལམ་ཆེན་སྐྱོར་མོ་ལུང་གི་རྒྱབ་རི་སྣོལ་མཚམས་སུ་ཟུར་གཅིག བྱང་ཉང་བྲན་གྱི་ཕུ་དང་དོག་སྡེ་གཉིས་ཀྱི་ལུང་ཤུར་གཉིས་ལ་ཟུར་རེ་བཅས་རེད། ལྷ་སའི་མཐའ་འཁོར་རིའི་བཀྲ་ཤིས་རྟགས་བརྒྱད་ནི་ཉང་བྲན་གྱི་རི་ལ་གདུགས། སེ་རའི་རི་ལ་རྒྱལ་མཚན། ར་གའི་བྲག་ལ་གསེར་ཉ། རྫོང་བཙན་གྱི་རི་ལ་པདྨ་དང་བུམ་པ། གྲིབ་ཀྱི་རི་ལ་དུང་དཀར། ཇོ་བོ་རྡོ་མཁར་གནས་པའི་ཤུལ་གྱི་རི་ལ་པདྨ་འདབ་བརྒྱད། བྲག་བུའི་བྲག་ལ་འཁོར་ལོ་བཅས་ཡོད། ད་དུང་ལྷ་སའི་མཐའ་འཁོར་དུ་བརྗིད་ཉམས་ཆེ་བའི་ལྕགས་རི་ལྟ་བུའི་རི་བཞིས་བསྐོར་ཡོད་པ་ནི། དགེ་འཕེལ་རི་དང་། སྨིན་དྲུག་རྫ་རི། ཇོ་མོ་ཟེ་ཟེ། བུམ་པ་རི་བཅས་རེད། དེ་མིན་ཡུལ་མི་འགྱུར་བའི་གཟེར་བཞི་ཡང་ཚང་ཡོད་པ་ནི་རྒན་མོ་ཕྲེང་མགོའི་རི་ལ་ཤར་གྱི་སྟག་སྐྱ་བོ། སྐྱིད་ཆུ་ནི་ལྷོའི་གཡུ་འབྲུག་སྔོན་མོ། ཤུན་གྱི་རི་ལ་ནུབ་ཀྱི་བྱ་དམར་པོ། ཕ་བོང་ཁའི་བྲག་ནི་བྱང་གི་རུས་སྦལ་སེར་པོ་བཅས་ཀྱི་དབྱིབས་གསལ་བར་ཡོད། ས་དཔྱད་འདི་དག་ནི་ཟེར་སྒྲོས་དང་སྒྲོ་འདོགས་ཙམ་མིན་པར་དོ་སྣང་བྱས་ན་ད་ལྟ་ཡང་གསལ་བར་མཇལ་རྒྱུ་ཡོད།
སྤྱིར་བོད་དུ་མཁར་གྲོང་ངམ་དགོན་སྡེ་ཡུལ་ལུང་བཅས་སྐྲུན་སྐབས་དང་ཐོག་དགེ་བཅུ་ཚང་བ་དགོས་ཤིང་། དེ་ཡང་ཁང་ས་ཞིང་ས་ས་ཡི་དགེ། འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ། གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། ཁང་ཤིང་འབུད་ཤིང་ཤིང་གི་དགེ། ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ་ཞེས་ས་ཆུ་ཤིང་རྡོ་དང་བཅས་པ་མིའི་འཚོ་བར་མེད་ཐབས་མེད་པ་རྣམས་འཛོམས་ཡོད་མེད་ལྟ་བའི་ཐོག་ས་དགྲ་དག་མི་འཁེལ་བར་བྱ་དགོས། ལྷག་པར་དུ་བོད་ཀྱི་ཡུལ་ལུང་དང་དགོན་པ་ཆགས་ཡུལ་མང་པོ་ཞིག་ཏུ་གནམ་ལ་འཁོར་ལོ་རྩིབས་བརྒྱད་དང་ས་ལ་པདྨ་འདབ་བརྒྱད་ཚང་བ་མང་པོ་ཡོད། ལྷག་དོན་དགོན་པ་དང་། ཕོ་བྲང་། གཟིམ་ཤག་སོགས་སྐྲུན་སྐབས་ས་དཔྱད་ལ་བརྟག་པ་ནན་ཏན་བྱས་ནས་རྩིག་སྲོལ་ཡོད་པ་ལྟར། བོད་ཀྱི་དགོན་པ་ཐོག་མ་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་ས་དཔྱད་མཁན་པོས། ཧས་པོ་རི་ནི་དུང་སེང་གནམ་མཆོངས་འདྲ། མེ་ཡར་དྲིའུ་རྟ་ཆུ་འཐུང་བ་འདྲ། མཆིམས་བུའི་རི་དེ་གཡུ་སེང་གནམ་མཆོང་འདྲ། ཤང་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། དགེ་རྒྱས་རི་འདི་རིན་ཆེན་སྤུངས་པ་འདྲ། མཆིམས་བུའི་ལུང་པ་པདྨ་ཁ་ཕྱེ་འདྲ། བྲག་དམར་བྱུ་རུའི་སེང་གེ་གནམ་འཕྱོ་འདྲ། དོལ་ཐང་དར་དཀར་ཡོལ་བ་བྲེས་པ་འདྲ། དབུ་ཚལ་རྫིང་བུ་མར་ཁུའི་གཞོང་པ་འདྲ། ལྷོ་ཕྱོགས་གཙང་པོ་གཡུ་འབྲུག་གྱེན་འགྲོ་འདྲ། སྤྱིར་ན་བྲག་དམར་ཟན་གཡང་ས་དཔྱད་འདྲ། རུས་སྦལ་ཁོག་པར་སྦྲང་རོ་གཏིབས་པ་འདྲ། ཕྱོགས་བཞིའི་ས་སྤོས་མཚམས་བཞི་འགྲམས་ནས་འདུག བོད་ཡུལ་རུ་བཞིའི་ནོར་རྣམས་འཕེལ་བའི་རི་ཞེས་གསུངས་པ་ལྟ་བུ་རེད།