མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ཟུང་ཆུ་རྫོང་ནས་འཚོགས།

གསར་འགོད་པ། མཁའ་འགྲོ་ཚེ་རིང་། མཚོ་མོ་སྐྱིད། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། སྤེལ་དུས། 10-15


སྤྱི་ཟླ་10ཚེས་14ཉིན། གངས་ལྗོངས་ཐོན་མི་གཉིས་པ་ཞེས་བསྔགས་པའི་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་བར་མཛད་རྗེས་བླ་ན་མེད་པ་བཞག་པའི་བཀའ་དྲིན་རྗེས་སུ་དྲན་པ་དང་། མཁས་དབང་ཁོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ། རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་གང་ལེགས་བྱེད་པ་སོགས་ཀྱི་ཆེད་དུ། སི་ཁྲོན་རྔ་བ་ཁུལ་ཟུང་ཆུ་རྫོང་ནས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་གཟབ་རྒྱས་ངང་འཚོགས་པ་རེད།

ཐེངས་འདིའི་ཚོགས་འདུའི་ཐོག་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། སི་ཁྲོན་སློབ་ཆེན། བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ནས་ཕེབས་པའི་ཆེད་མཁས་པ་དང་། ཆོས་ལུགས་ལས་རིགས་ཀྱི་འབྲེལ་ཡོད་འཐུས་ཚབ་མི་སྣ་སོགས་མི་བརྒྱ་ལྷག་གདན་ཐོག་གཅིག་ལ་འཛོམས་ནས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཅི་ལྟར་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་། ཁྱད་པར་དུ་མི་རིགས་སློབ་གསོ་དང་རྒྱ་བོད་ལོ་ཙཱ་སོགས་ཀྱི་ཕྱོགས་ནས་མཛད་རྗེས་ཅི་ལྟར་བཞག་པ། དམ་པ་ཁོང་གི་ཐུན་མོང་མ་ཡིན་པའི་རིགས་གཞུང་དགོངས་པ་དང་རིག་གཞུང་མཛད་རྗེས། ཞིབ་འཇུག་ཐབས་ལམ་སོགས་ལ་ཡུལ་དངོས་སུ་ཕེབས་པའི་ཆེད་མཁས་པ་རྣམ་པས་གདེང་འཇོག་དང་བགྲོ་གླེང་གང་ལེགས་གནང་བ་རེད།

མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ནི་མདོ་སྨད་རྟ་ཡི་ཆོལ་ཁའི་ལྷོ་རྒྱུད་དུ་ཆགས་པའི་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་གི་ཁོངས་སུ་གཏོགས་པ་དམུ་དགེ་ཞེས་བྱ་བའི་དགོན་འོག་སོག་པོ་རུ་ཟེར་བའི་རོང་སྡེ་ནས་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྟག་སྟེ་སྤྱི་ལོ་1914ལོར་སྐུ་འཁྲུངས་ཤིང་། སྔ་རྗེས་སུ་དམུ་དགེ་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་ནས་ལོ་ངོ་27རིང་ལ་ཐོས་བསམ་སློབ་གཉེར་གནང་བ་དང་། བླ་བྲང་བཀྲ་ཤིས་འཁྱིལ་ནས་རྡོ་རམས་དམ་བཅའ་བཞག །སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་གྱི་མཛད་པ་རིང་ནས་བསྐྱངས་མཐར། དགུང་གྲངས་བརྒྱད་ཅུ་བཞེས་པ་རབ་གནས་ཆུ་བྱ་སྟེ་སྤྱི་ལོ་1993ལོར་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད།

དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་ལ་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་བའི་བྱ་གཞག་ཐུགས་སུ་བཅངས་ནས། མཛད་པ་ཀུན་ལས་གསུང་གི་མཛད་པ་མཆོག་ཡིན་ཞེས་གསུངས་པ་ལྟར་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་རིང་ནས་བསྐྱངས་ཏེ།བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་དང་། བོད་དུ་རིག་གནས་དར་ཚུལ། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས། བརྡ་སྤྲོད་བློ་གསལ་དགའ་སྟོན། ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ། སྙན་འགྲེལ་ཡང་གསལ་སྣང་མཛོད་སོགས་གསུང་འབུམ་པོད་དྲུག་མཛད་པས། གངས་ཅན་གཙུག་ལག་རིག་གནས་མི་ཉམས་གོང་དུ་སྤེལ་བར་མཛད་རྗེས་བླ་ན་མེད་པ་བཞག་ཡོད། གཞན་ཡང་དམ་པ་ཁོང་སྐུ་འཚོ་བཞུགས་གནང་བའི་དུས་ལ། སྔ་རྗེས་སུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས་ནས་མི་རིགས་འབྲེལ་འདྲིས་དང་། ས་གནས་འཕེལ་རྒྱས་སོགས་ཀྱི་ཕྱོགས་ལ་ཐུན་མོང་མ་ཡིན་པའི་དགོངས་འཆར་གང་ལེགས་གནང་བར་མ་ཟད། ཕྱོགས་སོ་སོ་ལ་ཕེབས་ནས་མི་རིགས་རིག་གནས་ཀྱི་ཕུལ་བྱུང་རྐང་འཛིན་མི་སྣ་གསོ་སྐྱོང་མཛད་པས།དུས་རབས་ཤིག་གི་རིག་གནས་ཀྱི་དེད་དཔོན་ཆེན་མོ་ལ་གྱུར་ཅིང་། ཁོང་གི་མཛད་རྗེས་ཀྱི་རྡོ་རིང་དེ་ནམ་ཡང་མི་རིགས་ཤིག་གི་སེམས་གཏིང་ན་རྟག་བརྟན་དུ་འགྱིང་ཡོད།

ཐེངས་འདིར་ཟུང་ཆུ་རྫོང་ནས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིགས་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་བདེ་བླག་ངང་འཚོགས་པ་ཡིས། མཁས་དབང་ཁོང་གི་རིགས་གཞུང་དགོངས་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། ས་གནས་ཀྱི་རིག་གནས་འཕེལ་རྒྱས་གང་ལེགས་གཏོང་བ་སོགས་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་པར་མ་ཟད། མི་རིགས་རིག་གནས་སྤེལ་རེས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1