རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཛོད་དགེ་རྫོང་བོད་སྨན་ཁང་དུ་རྟོག་ཞིབ་བྱེད་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 10-15


སྤྱི་ཟླ་10པའི་ཚེས་12ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཅུན་ཉིང་དང་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཆོན་སོགས་མི་སྣ་9མཛོད་དགེ་རྫོང་བོད་སྨན་ཁང་དུ་ཕེབས་ཏེ། གྲངས་ཉུང་མི་རིགས་ཀྱི་སྨན་རྫས་སྤུས་མཐོ་འཕེལ་རྒྱས་གཏོང་བར་དམིགས་ནས་རྟོག་ཞིབ་གནང་། རྔ་བ་ཁུལ་ཨུའི་རྒྱུན་ཨུ་ཐའོ་ཀང་། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁུང་ཡུང་། རྫོང་ཨུའི་རྒྱུན་ཨུ་རྒྱུན་ལས་རྫོང་དཔོན་གཞོན་པ་ཀུའུ་ཡུན་ཅན། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཧོ་ཅང་ཧྭ་བཅས་ཀྱིས་རྟོག་ཞིབ་ཁྲོད་ཕེབས་རོགས་གནང་།

རྟོག་ཞིབ་ཚོ་ཆུང་བོད་སྨན་ཁང་གི་སྒོ་བསྟེན་ཚོམས་ཆེན་དང་སྨན་མཛོད་ཁང་། སྨན་གཞུང་ཐང་གའི་འགྲེམས་ཁང་། གྲགས་ཅན་སྨན་རྫས་ཁང་། བོད་སྨན་གྱི་དངོས་དཔེ་ཁང་། ཚད་ལྡན་ཅན་གྱི་སྨན་སྦྱོར་ལྟེ་གནས་སོགས་སུ་བསྐྱོད་དེ། བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་དང་འཚོལ་བསྡུ། ལས་སྣོན། ནད་ཐོག་ཉེར་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། མཛོད་དགེ་རྫོང་བོད་སྨན་ཁང་ནི་སི་ཁྲོན་ས་ཁོངས་ཀྱི་ཀྲུང་ལུགས་སྨན་རྫས་སྡེབ་སྦྱོར་ལྟེ་གནས(རྔ་བ)ཐོན་སྐྱེད་རྟེན་གཞི་དང་། བོད་ལུགས་གསོ་རིག་དང་སྨན་བཅོས་ཐུན་མོང་སྒྲིག་གཞིའི་སྣེ་ཁྲིད་སྨན་ཁང་ཞིག་ཡིན་པའི་ངོས་ནས། མིག་སྔར་རིམ་གསུམ་ཁ་པ་རིམ་པའི་མི་རིགས་གསོ་རིག་སྨན་ཁང་འཛུགས་པར་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད། སྨན་ཁང་གི་སྨན་སྦྱོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ཤ་སའི་སྨན་ལུགས་ཀྱི་སྣེ་ཁྲིད་འོག་བོད་སྨན་སྣ་ཁ་མང་པོ་སྡེབ་སྦྱོར་བྱས་ཡོད། དེ་ལས་ཤ་སའི་བདེ་བྱེད་རིལ་བུ་སོགས་ལ་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

སྨན་ཁང་དུ་ཞིབ་འཇུག་ཁང་བཙུགས་ཡོད། དེ་ལས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་ཡོད་པ་རྟོགས་ཐུབ། ཤ་སའི་སྨན་ལུགས་རྒྱུན་འཛིན་ལ་གོ་རིམ་ལྡན་ལ་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་ཡོད། སྨན་རྫས་ལས་སྣོན་ལྟེ་གནས་དེ་ཐོག་མའི་ལས་སྒྲུབ་ཁང་ཆུང་གྲས་ནས་རིམ་བཞིན་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་བ་དང་། རིམས་ནད་བྱུང་སྐབས་ནུས་པ་ལེགས་པོ་བཏོན་ཡོད། ཞིབ་འཇུག་ཁང་ནང་ཞིབ་འཇུག་ལས་སྒྲུབ་ཁང་དང་རྒྱུན་འཛིན་ལས་དོན་ཁང་མང་པོ་བཙུགས་ཡོད་པ་མ་ཟད། རྒྱུད་བཞི་ཐང་གའི་འགྲེམས་ཁང་དང་རྩྭ་སྨན་འགྲེམས་ཁང་བཙུགས་ཡོད། གཞན་དགེ་རྒན་བསྟན་ཁོ་ལསག་ཀྱིས་ལེགས་སྒྲིག་པར་སྐྲུན་གནང་བའི《རྒྱུད་བཞི།》སོགས་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་པའི་དཔེ་དེབ་མང་པོ་ཉར་ཚགས་བྱས་ཡོད་པས། མི་རིགས་ཀྱི་གསོ་རིག་བྱ་གཞག་ལ་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད།

ཐེངས་འདིའི་རྟོག་ཞིབ་ལས་མཛོད་དགེ་རྫོང་བོད་སྨན་ཁང་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་། གྲངས་ཉུང་མི་རིགས་སྨན་རྫས་སྤུས་མཐོ་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་སྟོན། ཕྱོགས་སོ་སོའི་འདེགས་སྐྱོར་འོག་བོད་ལུགས་གསོ་རིག་གི་བྱ་བཞག་ཡར་ངོའི་ཟླ་བཞིན་འཕེལ་བར་ཡིད་ཆེས་བརྟན་པོ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1