རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་མཁས་མཆོག་ཨ་ཁུ་བསྟན་ཁོ་ལགས་སྐུ་གཤེགས་ནས་ལོ་ལྔ་ལོན་པའི་རྗེས་དྲན་ཚོགས་ཆེན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 10-16


སྤྱི་ཟླ་10པའི་ཚེས་15ཉིན། མཚན་སྙན་གྲགས་རྒྱལ་ཡོངས་ལ་ཁྱབ་པའི་བོད་ལུགས་གསོ་རིག་མཁས་མཆོག་ཨ་ཁུ་བསྟན་ཁོ་ལགས་སྐུ་གཤེགས་ནས་ལོ་ལྔ་ལོན་པའི་རྗེས་དྲན་ཚོགས་ཆེན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་མཛོད་དགེ་རྫོང་དུ་འཚོགས། པེ་ཅིང་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན་སོགས་ཀྱི་བོད་ལུགས་གསོ་རིག་མཁས་ཅན་158གདན་དྲངས་ཡོད། ཨ་ཁུ་བསྟན་ཁོ་ལགས་ཀྱི་ནང་མི་དང་སློབ་མའི་འཐུས་ཚབ་པ་ཚོགས་འདུར་ཞུགས་ཏེ་སློབ་དཔོན་ལགས་ལ་རྗེས་དྲན་ཞུས།

ཨ་ཁུ་བསྟན་ཁོ་ལགས་ནི་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་མཁས་དབང་ཡིན་ལ། སི་ཁྲོན་ཞིང་ཆེན་གྱི་སྐབས་དང་པོའི་ཀྲུང་ལུགས་གསོ་རིག་གི་སྨན་པ་ཆེན་པོ་བཅུའི་གྲས་སུ་ཡོད། དུས་སྐབས་གསར་པའི་བོད་ལུགས་གསོ་རིག་ཞིབ་འཇུག་དང་ལེགས་སྒྲིག །འཕེལ་རྒྱས་བཅས་ཀྱི་རྨང་གཞི་འདིང་མཁན་གཙོ་བོ་ཞིག་ཀྱང་ཡིན། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ལས་ལ་གཞོལ་ནས་བགྲང་བྱ་བདུན་ཅུ་འགོར། དེའི་རིང་ལ་བོད་ལུགས་གསོ་རིག་ལ་མཛད་རྗེས་གང་མང་བཞག་ནས་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་གང་ལེགས་བཏོན་ཡོད་པས། རྒྱ་ཆེའི་སྨན་བཅོས་ལས་དོན་པའི་མིག་དཔེ་བལྟ་ས་ཞིག་ཏུ་གྱུར་ཅིང་། མཚན་སྙན་གྲགས་རྒྱལ་ཡོངས་ཀུན་ལ་ཁྱབ་ཡོད། 

ཐེངས་འདིའི་ཚོགས་འདུར་སློབ་དཔོན་ཁོང་གི་སྐུ་ཚེ་ཧྲིལ་པོར་རྗེས་དྲན་ཞུས་ཏེ་ཁོང་གི་ཞབས་རྗེས་འཚོལ་བ་དང་། སློབ་དཔོན་ཁོང་གི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་ལུགས་གསོ་རིག་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། དེ་ནི་ཚན་རིག་དང་མཐུན་ལ་སྔོན་དུ་ཐོན་པ། ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བའི་བོད་ལུགས་གསོ་རིག་བྱ་གཞག་གསར་གཏོད་ཀྱི་སྤེལ་རེས་ཚོགས་ཆེན་ཞིག་ཀྱང་ཡིན། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཐེངས་འདིའི་རྒྱལ་ཡོངས་ཀྱི་གྲགས་ཅན་བོད་ལུགས་གསོ་རིག་མཁས་མཆོག་ཨ་ཁུ་བསྟན་ཁོ་ལགས་སྐུ་གཤེགས་ནས་ལོ་ལྔ་འགོར་བའི་དྲན་གསོའི་ཚོགས་ཆེན་དང་རིག་གཞུང་བགྲོ་གླེང་ཚོགས་འདུའི་གོ་སྐབས་དམ་འཛིན་གྱིས། སློབ་དཔོན་བསྟན་ཁོའི་དགོངས་པར་སློབ་སྦྱོང་བྱས་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྒྱུན་འཛིན་ཁྲོད་ལས་སྒྲུབ་ལས་གཏོད་ཀྱི་བསམ་བློ་ལག་ལེན་དུ་བསྟར་ནས། བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ། མི་དམངས་མང་ཚོགས་ལ་ཕན་བདེ་བསྐྲུན་དགོས་པའི་བླང་བྱ་བཏོན།

ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་མི་རིགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་སློབ་དཔོན་ཆེན་མོ་ཀུའུ་རའེ་ཡིས་ཨ་ཁུ་བསྟན་ཁོ་མཆོག་ནི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་ཡིན་ལ། སི་ཁྲོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་ཡང་ཡིན་པ། ང་ཚོའི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་བྱས་རྗེས་གང་མང་བཞག་ཡོད། ང་ཚོ་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ནི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཆེད་ལས་གཉེར་བའི་སློབ་ཆེན་ཞིག་ཡིན། ང་ཚོ་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མི་རིགས་སྨན་རྫས་སློབ་གླིང་གི་འཕེལ་རྒྱས་དང་སློབ་དཔོན་བསྟན་ཁོ་དང་འབྲེལ་བ་ཟབ་མོ་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་མཇུག་ཏུ་ང་ཚོས་རྒན་བསྟན་ཁོ་ལགས་ཀྱི་ཡ་མ་དྲུངས་བྱིན་སྡེབ་སྦྱོར་ཞིབ་འཇུག་གི་འགན་འཁུར། སློབ་གླིང་བཙུགས་རྗེས་རྒན་བསྟན་ཁོ་ལགས་ཀྱིས་ང་ཚོའི་བོད་ལུགས་གསོ་རིག་གི་ཆེད་ལས་དགེ་རྒན་གྱི་འགན་བཞེས། ང་ཚོའི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡང་ཡིན། ང་ཚོའི་ད་ལྟའི་སློབ་མས་སྔར་བཞིན་རྒན་བསྟན་ཁོ་ལགས་ཀྱི་རྩོམ་སྒྲིག་བྱས་པའི་བོད་ལུགས་གསོ་རིག་གི་བསླབ་གཞི་བེད་སྤྱོད་བྱེད་བཞིན་ཡོད། དེ་རིང་ང་ཚོས་རྒན་ཁོང་ལ་རྗེས་དྲན་ཞུ། ངེད་སློབ་ཆེན་དང་ས་གནས་བོད་སྨན་ཁང་གིས་རྒན་བསྟན་ཁོའི་ཕུགས་རེ་རྒྱུན་འཛིན་དང་དེང་རབས་ཟུང་འབྲེལ་བྱས་ནས། ང་ཚོའི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཡག་པོ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

ལྷོ་ནུབ་མི་རིགས་སློབ་ཆེན་སྨན་རྫས་རིག་པ་དང་ཟས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལྷ་མོ་ཐར་གྱིས་དེ་རིང་མཛོད་དགེ་རྫོང་ཨུས་གཙོ་སྒྲུབ་གནང་བའི་སློབ་དཔོན་བསྟན་ཁོ་ལགས་ཀྱི་སྐུ་གཤེགས་ནས་ལོ་ལྔ་ལོན་པའི་རྗེས་དྲན་དང་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་ས་ཕྱོགས་སོ་སོའི་ཆེད་མཁས་པ་གནས་འདིར་འཛོམས་ནས་བོད་ལུགས་གསོ་རིག་བྱ་བཞག་འཕེལ་རྒྱས་ལ་ལས་སྟེགས་ལེགས་པོ་བསྐྲུན། ངེད་སློབ་གླིང་གིས་ས་གནས་ཀྱི་སྨན་རྫས་ཁེ་ལས་དང་སྨན་ཁང་དང་མཉམ་འབྲེལ་སྒོས་འཇོན་མི་གསོ་སྐྱོང་བྱས་ཏེ། བོད་ལུགས་གསོ་རིག་བྱ་བཞག་འཕེལ་རྒྱས་ལ་ཞབས་ཞུ་གང་ལེགས་འདོན་ངེས་ཞེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1